གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་ སློབ་ཕྲུག་བུཚ་ ད་རིས་ སྤ་རོ་ལུ་ལྷོད་ནི།

ཟླ་༤ པའི་ཚེས་༣༠

ཁ་ཙ་ ནིའུ་ལྡི་ལི་ལུ་ལྷོད་མི་ བཀྲིས་ཕུན་ཚོགས།
༉ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཁོ་རའི་གཡུས་ གཞལམ་སྒང་ དབང་འདུས་སྒང་པཱམ་ལས་ བྱང་སྟོར་ཤོར་མི་ སྐྱེས་ལོ་༡༥ ལང་མི་ བཀྲིས་ཕུན་ཚོགས་དེ་ ད་རིས་ སྤ་རོ་གནམ་ཐང་ནང་ ལྷོད་ནི་ཨིན་པས།
བུཚ་དེ་གི་དོན་ལུ་ གནམ་གྲུའི་ཤོག་འཛིན་དང་ སྡོད་ས་ དེ་ལས་ བཞེས་སྒོའི་ ཟད་འགྲོ་ཚུ་ ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ བཏང་ཡོདཔ་ད་ གཞུང་ཚབ་ལས་ཁང་གིས་ ཕྱི་འབྲེལ་ལྷན་ཁག་གི འགོ་དཔོན་ཚུ་ལུ་ བུཚ་དེ་ གཞལམ་སྒང་ཚུན་ བསྐྱལ་བྱིན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།



འབྲུག་གི་ གཞུང་ཚབ་ལས་ཁང་གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༡ ལུ་ བཀྲིས་ཕུན་ཚོགས་དེ་ ནི་ཟ་མུ་དིན་ རེ་ལིའི་ཐོན་འཛུལ་ས་གོ་ནང་ལས་ རྩིས་ལེན་པའི་ཤུལ་ལུ་ འབྲུག་གི་ གཞུང་ཚབ་ལས་ཁང་གི་ མགྱོན་ཁྱིམ་ནང་ བཞག་ཡོད་ཟེར་ ལས་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ བཀྲིས་ཕུན་ཚོགས་དེ་ མུམ་བཱ་ཡེ་གི་ ཁྲིམས་སྲུང་དམག་མི་ཚུ་གིས་ ལྡི་ལི་ལུ་ བསྐྱལ་ཡོདཔ་ད་ ཁྲིམས་དོན་གྱི་བྱ་སྒོ་ཚུ་ ཡོངས་རྫོགས་མཇུག་བསྡུ་བའི་ཤུལ་ལུ་ རྩིས་ལེན་ཡི་ཟེར་ཨིན་པས།
མཐའན་མཇུག་ཁར་ རྗོང་ཁ་སླབ་མི་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་ ཕྱད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ བུཚ་དེ་གིས་སླབ་ཡོདཔ་ད་ དེ་གི་ཧེ་མར་ བརྒྱུད་འཕྲིན་ཐོག་ལས་ སླབ་མི་བཟུམ་སྦེ་ ཁོ་ར་ མི་ཚུ་གིས་ ག་དེ་སྦེ་ ཁྱིད་སོང་ཡོདཔ་ཨིན་ནའི་སྐོར་ལས་ ལོ་རྒྱུས་ཚུ་ ཅོག་འཐདཔ་སྦེ་ སླབ་ཡོདཔ་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ མི་ངན་ཚུ་གིས་ ཁོ་ལུ་ བཟི་སྨན་བྱིན་ཐོག་ལས་ བཟའ་ཁང་ནང་ ལཱ་འབད་བཅུག་ནིའི་དོན་ལུ་ རྒྱ་གར་གྱི་ཁྲོམ་ཚོགས་ མུམ་བཱ་ཡེ་ལུ་ ཁྱིད་སོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
བུཚ་དེ་ འབྲུག་ལུ་ ལོག་ལྷོད་ནི་ཨིན་པའི་སྐོར་ལས་ གཞུང་ཚབ་ལས་ཁང་དང་ གཞལམ་སྒང་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༤༤ འབད་མི་ ཁོ་རའི་ཨའི་ པདྨ་དབྱངས་འཛོམས་ལུ་ སླབ་ཡོདཔ་བཞིན་དུ་ མོ་གིས་འབད་བ་ཅིན་ མོ་རའི་ བུ་ཕུད་རྡོག་གཅིགཔོ་དེ་ མོ་ར་འབད་སར་ ལོག་ལྷོད་ནི་ཨིན་པའི་སྐོར་ལས་ གོ་མི་ལུ་བརྟེན་ ད་ལྟོ་ཚུན་ ཚ་གྱང་ལངས་མི་ཚུ་ག་ར་ སངས་སོ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ མོ་རའི་བུ་དེ་གི་སྐོར་ལས་ མནོ་བསམ་བཏང་སྟེ་ ནུབ་མོ་ གཉིད་ཡང་ལོག་མ་བཏུབ་པར་ སྡོད་ཡོདཔ་ཨིན་རུང་ ད་རེས་ དེ་བཟུམ་མའི་ གནས་ཚུལ་བཟང་པོ་གོ་མི་དེ་ མོ་གིས་ དཀོན་མཆོག་ལུ་ སྐྱབས་འཚོལ་བའི་ ཐུགས་རྗེ་ཨིན་ཟེར་ཨིན་པས།
པདྨ་གིས་འབད་བ་ཅིན་ མོ་རའི་བུ་དེ་ བྱང་སྟོར་ཤོར་བའི་ཉིན་མར་ གཟུགས་ཁར་ གོ་ལ་ཡང་ ལེགས་ཤོམ་ཅིག་ གྱོན་གྱོནམ་མེདཔ་མ་ཚད་ ཁོ་ལུ་ ཏི་རུ་ཡང་མེདཔ་ལས་ མི་ངན་ཚུ་གིས་ མགུ་སྐོར་རྐྱབ་ཐོག་ལས་ ཁྱིད་སོང་སོངམ་ ངེས་བདེན་ཨིནམ་ད་ གཞན་དོན་དག་མེད་པ་ རྩ་ལས་ར་ འགྱོ་དགོཔ་མེད་ཟེར་ཨིན་པས།
བྱང་སྟོར་ཤོར་བའི་སྐབས་ལུ་ བུཚ་དེ་གི་གཟུགས་ཁར་ ཕུཌ་བཱོལ་རྩེ་ནིའི་དོན་ལུ་ དོརམ་ཐུང་ཀུ་ཅིག་དང་ ཁེན་འཇར་ཅིག་ལས་ མ་གྱོནམ་ཨིན་པས།
པདྨ་དབྱངས་འཛོམས་ཀྱིས་འབད་བ་ཅིན་ མོ་ར་ ཧེ་མ་ལས་ སྤ་རོ་ལུ་ མ་ལྷོདཔ་མ་ཚད་ མོ་ལུ་ ཟད་འགྲོ་ཡང་མེདཔ་ལས་ མོ་རའི་བུ་ལེན་པར་ཡང་ འགྱོ་མ་ཚུགས་ནི་དེ་གིས་ གཞུང་གི་འགོ་དཔོན་ཚུ་གིས་ མོ་ར་འབད་སར་ བསྐྱལ་གནང་དགོཔ་སྦེ་ ཞུ་ཡི་ཟེར་ཨིན་པས།
བཀྲིས་ཕུན་ཚོགས་དེ་ སྐྱེས་ལོ་༢ ལང་པའི་སྐབས་ལས་ར་ ཨ་པ་གིས་ བཀོ་བཞག་སྟེ་ བྱོག་སོངམ་ལས་ བུ་དེ་དང་ བུམོ་༢ མོ་རང་གིས་ སོ་ནམ་ཞིང་ལཱ་འབད་དེ་ གསོ་ཡི་ཟེར་ པདྨ་དབྱངས་འཛོམས་ཀྱིས་ སླབ་ཨིན་པས།
དེ་བསྒང་ མོ་རའི་རྨགཔ་དེ་ བྱང་དཔ་འོང་ནི་མས་མནོ་སྟེ་ ག་ཏེ་ཡང་ འཚོལ་ཡོདཔ་ཨིན་རུང་ ཤུལ་ལས་འབདཝ་ད་ བཟའ་ཚང་ནང་ལས་ བྲོས་ཟུར་འབད་ཡོདཔ་སྦེ་ ཤེས་ཅི་ཟེར་ཨིན་པས།
པདྨ་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ ད་ལས་ཕར་ བུཚ་དེ་ སློབ་གྲྭ་ནང་ འཕྲོ་མཐུད་དེ་ར་ འགྱོ་ནི་ཨིན་ན་དང་ ཡང་ཅིན་ གཡུས་ཁར་སྡོད་ནི་ཨིན་ན་ ཁོ་རའི་ སེམས་དང་འཁྲིལ་ནི་ཨིནམ་ད་ བུ་དེ་གིས་ ག་ཅི་ར་འབད་རུང་ མོ་གིས་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་འབད་དེ་ དགའ་ཏོག་ཏོ་སྦེ་བཞག་ནི་ཟེར་ཨིན་པས།
ཁ་ཙ་ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་གིས་ བཀྲིས་ཕུན་ཚོགས་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཐོག་ལས་ ཁྱིམ་ནང་ ཁྱིད་འོང་ནི་སྦེ་ ཁོ་གི་ བཟའ་ཚང་ཚུ་ལུ་ སླབ་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཧེ་མ་ བུཚ་དེ་ བྱང་སྟོར་ཤོར་བའི་སྐབས་ རྒྱལ་ཁབ་ཀྱི་ ཁྲིམས་སྲུང་སྒོ་ར་ ཆ་མཉམ་ནང་ སྙན་ཞུ་འབད་ཡོདཔ་མ་ཚད་ ཉེ་འདབས་ཀྱི་ ནགས་ཚལ་དང་ གཡུས་སྒོ་ཚུ་ནང་ ཟླཝ་༡ དེ་ཅིག་གི་རིང་ འཚོལ་ཞིབ་འབད་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ བཀྲིས་ཕུན་ཚོགས་དེ་ བྱང་སྟོར་ཤོར་ཡོདཔ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ ད་རེས་ ཁོ་རང་ལས་ ཁ་གསལ་གྱི་ གནས་ཚུལ་ཚུ་ལེན་ཞིནམ་ལས་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་ནི་ཨིན་རུང་ མུམ་བྱ་ཡེ་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་ཚུ་ ག་ཅི་ཡང་ མ་འབདཝ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment