གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཡུལ་གྱི་དྲག་ཤོས་ སྤྱི་ཟླ་༥ པ་ལས་ འགོ་བཙུག་ནི།

༉ འབྲུག་ཡུལ་གྱི་དྲག་ཤོས་ཟེར་མི་ གསུང་སྐད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ལས་ འགོ་བཙུག་ནི་ཨིན་པས།


ལས་རིམ་འགོ་འདྲེན་འཐབ་མི་ བསྟན་འཛིན་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ཀྱི་ ལམ་ལུགས་སྲོལ་ མ་ཉམས་གོང་འཕེལ་གཏང་ནིའི་ དོན་ལུ་དང་ མཐའ་ཟུར་ གཡུས་ཚན་གྱི་མི་སེར་ཚུ་ལུ་ འདི་བཟུམ་གྱི་གོ་སྐབས་ བྱིན་ཐོག་ལས་ ལྕོགས་གྲུབ་སྟོན་བཅུག་ཐབས་ དེ་ལས་ ན་གཞོན་ སློབ་རིམ་༡༠ པ་དང་༡༢ པ་ ལྷབ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ཐབས་ལུ་ ཨིན་ཟེར་ཨིན་པས།
རྫོང་ཁག་༢༠ འི་ནང་ཡོད་པའི་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་གིས་ ལས་རིམ་ནང་ བཅའ་མར་གཏོགས་ཆོག་ནི་ཨིནམ་བཞིན་དུ་ ད་ལྟོ་ རྫོང་ཁག་ཚུ་ནང་ལས་ཕར་  བཙག་འཐུ་འབད་བའི་བསྒང་ར་ཡོདཔ་ཨིན་པས།
འདས་པའི་རིང་ལུ་ གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ སློབ་ཕྲུག་ཚུ་ལུ་ གོ་སྐབས་བྱིན་དང་བྱིན་བཞིན་དུ་ ཡོདཔ་ཨིན་རུང་ སློབ་ཕྲུག་ཚུ་ དཔེ་ཆའི་ལྷབ་པའི་དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ སློབ་སྦྱོང་འབད་ནི་ལུ་ ཐོ་ཕོག་ནི་ཨིནམ་ལས་ བཅའ་མར་གཏོགས་པ་འོང་མིའི་ སློབ་ཕྲུག་ཚུ་ ལོག་བཏང་དགོཔ་བྱུང་ཡི་ཟེར་ འགོ་འདྲེན་པ་གིས་ བཤདཔ་ཨིན་པས།
གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ སྐྱེས་ལོ་༡༨ ཡན་ཆད་སྦེ་བཞག་དགོ་མིའི་ དམིགས་ཡུལ་དེ་ མི་རྒས་ཤོས་ ཚུ་གིས་ གླུ་གཞས་ གཞུང་སྒྲ་དང་ བོད་སྒྲ་འཐེན་ནིའི་ནང་ སྤྲོ་བ་ཡོད་མི་ལེ་ཤ་འདུག་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་པ་གིས་འབད་བ་ཅིན་ ལས་རིམ་གྱི་གསོལ་རས་ཚུ་ སྣུམ་འཁོར་༥ བྱིན་ནི་སྦེ་ དང་འདོད་སྐྱེད་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ རུ་པི་གི་ དཀའ་ངལ་ཐོན་མི་ལུ་བརྟེན་ གཞུང་གིས་ སྤྲོ་སྟོན་གྱི་ལས་རིམ་ཚུ་ནང་ གསོར་རས་སྣུམ་འཁོར་བྱིན་མི་ཆོག་ཟེར་ གསལ་བསྒྲགས་འབད་ཡོདཔ་ལས་ དངུལ་རྐྱང་བྱིན་ནི་གུ་ཐག་བཅད་ཅི་ ཟེར་ཨིན་པས།
སྤྱིར་བཏང་ སྣུམ་འཁོར་༥ བྱིན་ནི་སྦེ་ བཞག་མི་དེ་ཡང་ གཞུང་སྒྲ་དང་ བོད་སྒྲ་ རིག་གསར་གསུམ་ཆ་ར་ནང་ དབྱེ་བ་མེད་པར་ ལེགས་ཤོམ་སྦེ་འཐེན་ཚུགས་མི་ སྣུམ་འཁོར་ཅིག་དང་ ཨང་དང་པ་དང་ གཉིས་པ་ གསུམ་པ་ཐོན་མི་ལུ་ གསོལ་རས་སྣུམ་འཁོར་རེ་དང་ སྐད་ཀྱི་གཞི་རྟེན་སྤུས་ཚད་ལེགས་ཤོམ་ཡོད་མི་ལུ་ སྣུམ་འཁོར་ཅིག་སྦེ་ ཡོངས་བསྡོམས་སྣུམ་འཁོར་༥ བྱིན་ནི་སྦེ་ ལས་འཆར་བཟོ་ཡི་ཟེར་ཨིན་པས།
ད་ལྟོ་འགོ་བཙུག་ནི་ཨིན་མིའི་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ ཞི་གཡོགཔ་དང་ གྲོང་གཡུས་མི་སེར་ དེ་ལས་ དཔེ་ཆ་ མཚམས་འཇོག་འབད་བཞག་མི་ཚུ་ ཨིན་ཟེར་ཨིན་པས།
རྫོང་ཁག་༢༠ འི་ནང་ལས་བཙག་འཐུ་འབད་མི་ སྐད་དྲག་ཤོས་ཚུ་ ཐིམ་ཕུ་ལུ་ལྷོདཔ་ད་ བཟའ་འཐུང་དང་ ཉལ་ས་ཚུ་ག་ར་ ལས་རིམ་འགོ་འདྲེན་འཐབ་མི་ གྲ་སྒྲིག་འབད་དེ་བྱིན་ནི་ ཟེར་ཨིན་པས།
གསུང་སྐད་འགྲན་བསྡུར་ལས་རིམ་ནང་ སྐད་འཐེན་ནི་རྐྱངམ་གཅིག་ལུ་ གཙོ་བོར་བཟུང་ནི་མེན་པར་ ན་གཞོན་དང་འབྲེལ་བའི་ ཆང་དང་ སྨྱོ་རྫས་ ནད་གཞི་ཨེཌསི་ཚུ་གི་སྐོར་ལས་ ཞབས་ཁྲའི་ཐོག་ལུ་སྦེ་ གོ་བརྡ་ཚུ་སྤེལ་ནི་ ཟེར་ཨིན་པས།
ལས་རིམ་འགོ་འདྲེན་པ་གིས་ བཤད་མི་དང་འཁྲིལཝ་ད་ གསུང་སྐད་འགྲན་བསྡུར་གྱི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ཅིག་ སློབ་རིམ་༡༠ པ་དང་༡༢ པ་ ལྷབ་ཞིནམ་ལས་ ཕམ་གྱིས་ཟད་འགྲོ་བཏང་མ་ཚུགས་པར་སྡོད་མི་ སློབ་ཕྲུག་༥༠ དེ་ཅིག་ ལོ་ཅིག་གི་རིང་ ལཱ་འབད་བཅུག་སྟེ་ ཤུལ་ལས་ ལོ་༣ གྱི་ དཔེ་ཆ་འཕྲོ་མཐུད་ལྷབ་ནིའི་དོན་ལུ་ གྲོགས་རམ་ཚུ་ འབད་ནི་ ཟེར་ཨིན་པས།
འབྲུག་ཡུལ་གྱི་དྲག་ཤོས་ཟེར་མིའི་ གསུང་སྐད་འགྲན་བསྡུར་དེ་ སྤྱི་ཟླ་༥ པ་ལས་ མི་མང་ལ་ུ རྒྱང་བསྒྲགས་ དངོས་མཐོང་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment