གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲས་ཕུག་ དར་གླིང་གཡུས་ཚན་ནང་ མེ་རྐྱེན་བྱུང་མི་ཁྱིམ་ལུ་ གྲོགས་རམ་མ་ཐོབ་པར་ཡོདཔ།

 ཟླ་༤ པའི་ཚེས་༢༡

༉ སྤྱི་ཟླ་༤ པའི་ཚེས་༡༩ གི་ཉིན་མར་ ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ ད་གླིང་གཡུས་ཚན་ནང་ ཁྱིམ་ཅིག་ལུ་ མེ་རྐྱེན་ཤོར་ཡོདཔ་ཨིན་རུང་ ད་ལྟོ་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ རྫོང་ཁག་དང་ རྒེད་འོག་གི་ ཁ་ཐུག་ལས་ རྒྱབ་སྐྱོར་ མ་ཐོབ་པར་ཡོདཔ་ཨིན་པས།


ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་དེ་ནང་ བཟའ་ཚང་འཐུས་མི་༦ སྡོད་དོ་ཡོདཔ་ཨིན་རུང་ མེ་རྐྱེན་བྱུང་བའི་སྐབས་ ཁྱིམ་ནང་ མི་ག་ཡང་མེདཔ་ལས་ ཅ་ཆས་ཚུ་ སྲུང་སྐྱོབ་འབད་མ་ཚུགསཔ་ཨིན་པས།
ཁྱིམ་གི་ཇོ་བདག་ སྐྱེས་ལོ་༢༩ འབད་མི་ རྒྱ་མཚོ་གིས་འབད་བ་ཅིན་ རྐྱེན་ངན་དེ་བྱུང་བའི་སྐབས་ ཁོ་ར་ ཆ་རོགས་དང་གཅིག་ཁར་ ནགས་ཚལ་ནང་ སོང་ཡོདཔ་ད་ ཁོ་གི་གནས་ཚང་དེ་ ཨ་ལུ་ཆུང་ཀུ་དང་ ཨང་རྒས་ཁྱིད་དེ་ ཁྱིམ་ནང་ལས་ མི་ཊར་༡༠༠ དེ་ཅིག་གི་ས་གནས་ ནོར་གྱི་བྱང་ས་ལུ་ ལཱ་འབད་སྡོད་ཡོདཔ་སྦེ་ སླབ་ཨིན་པས།
རྐྱེན་ངན་དེ་བྱུང་ས་ ཁྱིམ་ཚང་ཅིག་གིས་ མཐོང་པའི་ཤུལ་ལུ་ ཁོ་གི་གནས་ཚང་ལུ་ འགྲུལ་འཕྲིན་བཏང་ས་ཡོདཔ་ཨིན་རུང་ དེ་བསྒང་ལས་ ཁྱིམ་ཐོག་ཁ་ལས་ཕར་ མེ་ཤུགས་སྦེ་ འབར་མཆིས་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་བྱུང་སའི་ས་ཁོངས་ནང་ རྒེད་འོག་ དམངས་མི་འོང་ཡོདཔ་ཨིན་རུང་ ད་ཚུན་ལུ་ རྫོང་ཁག་དང་ རྒེད་འོག་༢ ཆ་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ཚུ་ མ་ཐོབ་མི་ལུ་བརྟེན་ ཉམས་རྒུད་པ་དེ་ལུ་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ ཁོ་གིས་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ལུ་ འགོ་དཔོན་ཚུ་གིས་ ས་གནས་ཁར་འོང་ནིའི་ རེ་བ་མ་བསྐྱེད་དེ་འབད་རུང་ རྐྱེན་ངན་བྱུང་སྟེ་ ཉིནམ་༢ སོང་བའི་ཤུལ་ལུ་ཡང་ འོང་ནི་མིན་འདུག་ཟེར་ཨིནམ་ད་ སྤྱིར་བཏང་ལུ་འབད་བ་ཅིན་ རང་བཞིན་གྱི་ རྐྱེན་ངན་ཚུ་ བྱུངམ་ད་ ཉམས་རྒུད་པ་ལུ་ གཞུང་ལས་གྲོགས་རམ་ གནང་དོ་ཡོད་པའི་སྐོར་ལས་ གོ་ནི་འདུག་ཟེར་ཨིན་པས།
ཁ་ཙ་ གཡུས་མི་ཚུ་གིས་ གྲོགས་རམ་འབད་དེ་ གནས་སྐབས་ཀྱི་ སྡོད་ཁྱིམ་ སྦ་སྒོར་ཅིག་ སྤུབ་ནི་གི་ དཔའ་བཅམ་ཡོད་རུང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ མཚམས་འཇོག་འབད་བཞག་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཁོ་གི་གནས་ཚང་ ཨོ་རྒྱན་ལྷ་མོ་གིས་འབད་བ་ཅིན་ རྐྱེན་ངན་དེ་བྱུང་བའི་སྐབས་ དམངས་མི་གིས་ས་ཁོངས་ནང་ འོང་ཡོདཔ་ལས་ ཁོ་གིས་ རྫོང་ཁག་ལུ་ སྙན་ཞུ་འབད་འབདཝ་འོང་མནོ་སྟེ་ རང་གིས་ ལོགས་སུ་སྦེ་ སྙན་ཞུ་འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མེ་རྐྱེན་དེ་བྱུང་བའི་སྐབས་ ཁྱིམ་ནང་ དངུལ་ཀྲམ་༦,༠༠༠ དེ་ཅིག་དང་ གཞན་མི་ ཆོས་ཆས་དང་ ཟ་ཆས་ དེ་ལས་ མཆོད་གཤམས་ནང་གི་སྐུ་ཚུ་ཡོདཔ་ལས་ དེ་ཚུ་ ག་ར་འཚིགས་སོ་ནུག་ཟེར་ཨིན་པས།
ད་རེས་ནངས་པར་ མོ་ར་དང་ བཟའ་ཚང་ཚུ་ རྨགཔོ་གི་ཕ་ཁྱིམ་ནང་ སྡོད་དོ་ཡོདཔ་ད་ ཨང་རྒས་ཅིག་ཡོད་མི་དེ་ ལམ་འགྱོ་མ་ཚུགས་མི་ལུ་བརྟེན་ ཁྱིམ་ཚང་ཅིག་གི་ཁྱིམ་ནང་ གནསཔ་བརྙ་བཞག་ཡི་ཟེར་ཨིན་པས།
དམངས་མི་སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ དེ་ཚེ་ནུབ་མོ་ར་ གཞུང་དོན་ ལཱ་གི་དོན་ལུ་ དབང་འདུས་རྫོང་ཁག་ནང་སོང་མི་  རྒཔོ་ལུ་ འགྲུལ་འཕྲིན་ཐོག་ལས་ རྐྱེན་ངན་དེ་གི་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྲས་ཕུག་རྒཔོ་ རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ དེ་གི་སྐབས་ལུ་ རྫོང་བདག་དང་ རྫོང་རབ་༢ བློན་ཆེན་གྱི་ཕྱག་ཞུ་སྟེ་ ཤར་ཀ་བཞི་ལུ་ སོང་ཡོདཔ་ལས་ ཞུ་ཡིག་དེ་ རྫོང་བདག་གི་ སྐུ་སྒེར་ལས་རོགས་ལུ་ སྤྲོད་བཞག་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ ཁ་ཙ་ རྒེད་འོག་ནང་ ལོག་ལྷོད་ཡོདཔ་ལས་ ད་རིས་ ས་ཁོངས་ནང་ ལྟ་ཞིབ་འབད་བར་འགྱོ་ནི་ཨིནམ་བཞིན་དུ་ རྫོང་ཁག་ནང་ལས་ འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ ཞིབ་དཔྱད་འབད་བར་ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ རྐྱེན་ངན་ཚུ་བྱུང་བའི་སྐབས་ རྒེད་འོག་གི་ཁ་ཐུག་ལས་ སྦུང་བསྒུལ་གྱི་རྒྱབ་སྐྱོར་ཚུ་ འབད་ནི་མ་གཏོགས་ རྒྱུ་དངོས་ཀྱི་ རྒྱབ་སྐྱོར་འབད་ཐབས་ མིན་འདུག་ཟེར་ཨིན་པས།
ས་ཁོངས་ནང་ མེ་རྐྱེན་དེ་ ག་ཅི་ལས་བརྟེན་ཏེ་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment