གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཕྱི་ནང་གཉིས་ཆ་ར་ལས་ མཉམ་འབྲེལ་དགོཔ།

ས་མཚམས་ཁའི་ སྨན་ཚོང་ཁང་ཚུ་ནང་ སྨྱོ་སྨན་ཚུ་ བཀག་འཛིན་མ་འབད་ཚུན་ཚོད་ འབྲུག་ལུ་ སྨྱོ་རྫས་ཀྱི་ དཀའ་ངལ་སེལ་ཐབས་མེདཔ་ཨིན་པས།

༉ སྨན་རིགས་ལོག་སྤྱོད་ཐོག་ སྨྱོ་རྫས་སྦེ་ ལག་ལེན་འཐབ་ནི་དེ་ རྒྱལ་སྤྱིའི་དཀའ་ངལ་ཚབས་ཆེན་ཅིག་ཨིནམ་བཞིན་དུ་ འབྲུག་ལུ་ སྨན་རིགས་ལོག་སྤྱོད་འབད་བའི་ གྱོས་ངན་དེ་ཡང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལས་ ཁྱབ་སྤེལ་སོང་ཡོདཔ་མ་ཚད་ ལོག་སྤྱོད་འབད་མི་ སྨན་རིགས་ཚུ་ཡང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ལས་ར་ ནང་འདྲེན་འབདཝ་ཨིན་པས།


ལོག་སྤྱོད་འབད་བའི་ སྨན་རིགས་ཚུ་ རྒྱལ་ཁབ་ནང་གི་ སྨན་ཚོང་ཁང་ཚུ་ནང་ བཙོང་ནི་མེདཔ་ཨིན་རུང་ ས་མཚམས་ཀྱི་ཕྱི་ཁར་ རྒྱ་གར་གྱི་ སྨན་ཚོང་ཁང་ཚུ་ནང་ལས་ ཐོབ་ཚུགས་མི་ལུ་བརྟེན་ ནག་ཚོང་འཐབ་མི་ཚུ་གིས་ ཚུལ་མིན་གྱི་སྒོ་ལས་ ནང་འདྲེན་འབད་དེ་ ཚོང་སྒྱུར་འཐབ་དོ་ཡོདཔ་ལས་ འབྲུག་གི་ ན་གཞོན་ཚུ་ སྨྱོ་རྫས་ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་མ་ཚུགས་པའི་ དོ་འགྲན་སྦོམ་བྱུངམ་ཨིན་པས།
སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་ སྨན་རིགས་བཀག་འཛིན་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ ལོག་སྤྱོད་འབད་མི་སྨན་རིགས་ དཔེར་ན་ མོར་ཕིན་དང་ ནི་ཊོ་སཱན་ པོ་རོག་སི་བཱོན་ རེབ་ལིན་ཟེར་མི་ཚུ་ འབྲུག་ནང་འཁོད་ཀྱི་ སྨན་ཚོང་ཁང་ཚུ་ནང་ བཙོང་ནི་མེདཔ་ལས་ དེ་ཚུ་ག་ར་ རྒྱ་གར་ལས་ ཐོབ་དོ་ཡོདཔ་ལས་ སྨྱོ་རྫས་ལག་ལེན་བཀག་འཛིན་འབད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
མ་གཞི་ འབྲུག་ལུ་ དེ་བཟུམ་མའི་ སྨན་ཚུ་ བཙོང་མ་ཆོགཔ་མེད་རུང་ སྨན་ཚོང་ཁང་ཚུ་གིས་ སྨན་རིགས་དེ་ཚུ་བཙོང་ནི་གི་ བྱ་སྒོའི་རིམ་པ་ལེ་ཤ་ཡོད་མི་དེ་ཡང་ དང་པ་ར་ སྨན་དེ་ཚུ་ བཙོང་ནིའི་དོན་ལུ་ སྨན་རིགས་རྒྱུན་བཀོད་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་བའི་ཤུལ་ལུ་ སྨན་ཚུ་ག་དེམ་ཅིག་ ནང་འདྲེན་དང་ བཙོང་ཡོདཔ་ཨིན་ན་ སྨན་ལེབ་རེ་རེ་གི་ ཚོང་འབྲེལ་ཐོ་བཞག་སྟེ་ སྙན་ཞུ་འབད་དགོ་པའི་ཁར་ གལ་སྲིད་ སྨན་ལེབ་༡ གི་ ཐོ་བཀོད་ཚུལ་ལྡན་མེད་པ་ཅིན་ ཉེས་ཁྲིམས་ཕོགཔ་ཨིན་པས།
སྨྱོ་རྫས་སྦེ་ ལག་ལེན་འཐབ་ནི་གི་ འོས་འབབ་ཡོད་མི་ སྨན་རིགས་ཚུ་ དྲུང་འཚོ་ཚུ་གིས་ ནད་བརྟག་དང་འཁྲིལ་བྱིན་མི་ སྨན་ཡིག་བཀོད་འཛིན་ཡོད་པ་ཅིན་མ་གཏོགས་ བཙོང་མི་ཆོག་ནི་ཨིན་པས།
དེ་འབདཝ་ད་ ས་མཚམས་ཀྱི་ ཕྱི་ཁ་ལས་ཕར་ སྨན་ཚོང་ཁང་ཚུ་གིས་ དྲུང་འཚོའི་སྨན་ཡིག་ཡོད་མི་དང་ མེད་མི་ཆ་མཉམ་ལུ་ བཙོང་ནི་དེ་གིས་ ནག་ཚོང་འཐབ་མི་དང་ སྨན་རིགས་ལོག་སྤྱོད་འབད་མི་ཚུ་གིས་ ནང་འདྲེན་འབད་ཐོག་ལས་ མི་གཞན་ཚུ་ལུ་ བཙོངམ་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ འབྲུག་གི་སྨན་རིགས་རྒྱུན་བཀོད་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་ཡོད་མི་ སྨན་རིགས་ཡོངས་བསྡོམས་༡,༢༤༧ ཡོད་ས་ལས་ སྨྱོ་རྫས་ལོག་སྤྱོད་འབད་བཏུབ་པའི་ སྨན་རིགས་སྡེ་ཚན་དང་པའི་ནང་ སྨན་ལྷམ་པ་༢ དང་ སྡེ་ཚན་༢ པའི་ནང་ སེམས་ཁམས་དང་འབྲེལ་བའི་ སྨན་རིགས་༡༡ ཡོད་མི་ཚུ་ག་ར་ ནང་འདྲེན་འབད་མི་ཚུ་གིས་ ཚོང་ཁང་ནང་ བཙོང་ནི་གི་དོན་ལུ་མིན་པར་ གསོ་བའི་ལྷན་ཁག་ལ་སོགས་པའི་ གཙུག་སྡེ་ཁག་ཚུ་ནང་ ཐད་ཀར་དུ་ མཁོ་སྒྲུབ་འབད་ཐབས་ལུ་ ཐོ་བཀོད་འབད་ཡོད་མི་ཚུ་ཨིནམ་ལས་ ཚོང་ཁང་ནང་ལས་ ཐོབ་ནི་མེདཔ་ཨིན་པས།
དེ་འབདཝ་ད་ སྨྱོ་རྫས་སྦེ་སྤྱོད་མི་ སྨན་རིགས་རེབ་ལིན་དང་ ནི་ཊོ་སཱན་ཚུ་ འབྲུག་གི་སྨན་རིགས་རྒྱུན་བཀོད་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་འབདཝ་མེདཔ་ལས་ རྒྱལ་ཁབ་ནང་ ནང་འདྲེན་འབད་བ་ཅིན་ ཁྲིམས་འགལ་གྱི་གྲངས་སུ་ ཚུད་འོང་ཟེར་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་ འགོ་དཔོན་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ ས་མཚམས་ཕྱི་ནང་ལུ་ སྨན་རིགས་ཚུ་ ནག་ཚོང་འཐབ་ནི་ལས་ བཀག་ཐབས་ལུ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ན་ རྒྱལ་སྤྱི་སྨྱོ་རྫས་བཀག་དམ་མཐུན་གྲོས་ཀྱི་ ཆིངས་ཡིག་དང་འཁྲིལ་ སྨྱོ་རྫས་ལག་ལེན་མར་ཕབ་དང་ ནག་ཚོང་བཀག་འཛིན་ དེ་ལས་ སེམས་ཁམས་འཁྲུགས་རྫས་དང་འབྲེལ་བའི་ རྫས་རིགས་ཀྱི་ ཆིངས་ཡིག་ཅིག་ སྤྱི་ལོ་༢༠༠༩ ལུ་ མཚན་རྟགས་བཀོད་ཞིནམ་ལས་ཚུར་ རྒྱལ་ཁབ་༢ ཀྱི་ འབྲེལ་ཡོད་དབང་འཛིན་ཚུ་གི་བར་ན་ ཞལ་འཛོམས་ལན་ཐེངས་༢ འཚོགས་ཡོདཔ་ཨིན་པས།
ཆིངས་ཡིག་དེ་གི་ཐོག་ལས་ རྒྱ་གར་གྱིས་ སྨྱོ་རྫས་བཀག་འཛིན་གྱི་དོན་ལུ་ མི་སྟོབས་གོང་འཕེལ་དང་ ཁྱད་རིག་གོང་འཕེལ་གྱི་ རྒྱབ་སྐྱོར་ཚུ་ འབདཝ་ཨིན་ཟེར་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་བསོད་ནམས་ཚེ་རིང་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་མཚམས་ཁར་ ས་གནས་ཀྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གི་བར་ན་ མཉམ་འབྲེལ་བཞགཔ་མ་ཚད་ འཕྲལ་འཕྲལ་ར་ འགོ་དཔོན་ཚུ་གི་བར་ན་ མཉམ་འབྲེལ་ཞལ་འཛོམས་ཚུ་ འཚོག་ནི་ཡོདཔ་ལས་ ས་མཚམས་བདའ་སྟེ་ སྨྱོ་རྫས་ནག་ཚོང་དང་ བཀག་ཐབས་ དེ་ལས་ ཚུལ་མིན་ཕྱི་མི་ནང་བསྐྱོད་ཀྱི་ གནད་དོན་ལེ་ཤ་ཅིག་གི་སྐོར་ལས་ གྲོས་བསྡུར་ཚུ་འབད་དོ་ཟེར་ཨིན་པས།
དེ་འབདཝ་ད་ སྨྱོ་རྫས་བཀག་འཛིན་གྱི་དོན་ལུ་ གཙོ་བོ་ར་ རྒྱ་གར་གྱི་ ས་མཚམས་མངའ་སྡེའི་ ཁ་ཐུག་ལས་ སྨན་རིགས་ཀྱི་ཆོག་ཐམ་སྤྲོད་མི་དང་ ཁྲིམས་ལག་ལེན་འཐབ་མི་ དབང་འཛིན་ཚུ་དང་ མཉམ་འབྲེལ་མེད་པ་ཅིན་ ས་མཚམས་ཀྱི་ ཚོང་ཁང་ཚུ་ནང་ལས་ སྨྱོ་སྨན་ཚུ་ འཕྲོ་མཐུད་དེ་ར་ བཙོང་ནི་ཨིནམ་ལས་ འབྲུག་ལུ་ སྨན་རིགས་ལོག་སྤྱོད་འབད་བའི་ དཀའ་ངལ་ཚུ་ བསལ་ཚུགས་པར་ ལཱ་ཁག་འོང་ཟེར་ ལྟ་རྟོག་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment