གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་༢ པ་ འཆར་གཞི་དང་འཁྲིལ་ ལེགས་ཤོམ་འགྱོ་དོ་ཡོདཔ།

ཟླ་༤ པའི་ཚེས་༢༣། ༉ སྤྱི་ལོ་༢༠༡༠ གྱི་ཟླཝ་༦ པའི་ནང་ འགོ་བཙུགས་མི་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་དེ་ ད་རེས་ནངས་པ་ བཟོ་སྐྲུན་ལཱ་གི་ འཆར་གཞི་དང་འཁྲིལ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་པས།


ལས་འགུལ་གྱིས་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ ལཱ་གི་གྲུབ་འབྲས་སྙན་ཞུ་ཅིག་ གསལ་བཏོན་འབད་མི་དང་འཁྲིལཝ་ད་ གློག་མེ་འཕྲུལ་ཁང་གི་ ཆུ་མཛོད་རྐྱབ་ནིའི་ལཱ་དེ་ ཁག་འབག་གནས་གོང་ དངུལ་ཀྲམ་ས་ཡ་༡༢,༢༤༠ འབད་མི་ ཇའི་པར་ཀཱཤ་བཟོ་སྐྲུན་ལས་སྡེ་ལུ་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ སྤྲོད་ཡོདཔ་བཞིན་དུ་ ཌའི་བར་ཤཱན་དང་ ཧའི་ཝེ་ ཅེ་ནཱལ་ དེ་ལས་ ཌི་སེལ་ཊིང་ ཅེམ་བར་བཟོ་སྐྲུན་གྱི་ལཱ་ཚུ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་སྦེ་ བཀོད་ནུག།
དེ་བཟུམ་སྦེ་ ས་འོག་ཆུ་ལམ་དང་ འཁོར་ལམ་བསལ་ནིའི་ལཱ་དེ་ཡང་ གནས་གོང་དངུལ་ཀྲམ་ས་ཡ་༣,༩༨༣.༢༧ འབད་ གཱེ་མོན་ལས་སྡེ་ལུ་ སྤྲོད་ཡོདཔ་ད་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་དོ་ཡོདཔ་མ་ཚད་ གློག་མེ་འཕྲུལ་ཁང་ས་ཁོངས་ཀྱི་ བཟོ་སྐྲུན་གྱི་ལཱ་དེ་ཡང་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ཨིན་པས།
གནས་གོང་དངུལ་ཀྲམ་ས་ཡ་༨,༥༥༧.༥༣ འབད་མི་ གློག་མེ་འཕྲུལ་ཁང་ས་ཁོངས་ཀྱི་ བཟོ་སྐྲུན་གྱི་ལཱ་དེ་ ཇའི་པར་ཀཱཤ་ བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཛཱན་ཅི་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་གི་དོན་ལུ་ གློག་ཤུགས་མེ་ག་ཝཱཊ་༡༧༠ རེ་ ཐོན་སྐྱེད་འབད་ནི་ཨིན་མི་ གློག་མེ་བཟོ་སྐྲུན་འཕྲུལ་ཆས་༦ འབད་མི་ཚུ་ཡང་ རྒྱ་གར་བི་ཨེཆ་ཨི་ཨེལ་ ལས་སྡེ་ལུ་ སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ནང་ ལྷོང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་དེ་ནང་ལས་ ཐོན་སྐྱེད་འབད་ནི་ཨིན་མི་ གློག་ཤུགས་ཚུ་ སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ གློག་ཐག་ཚུ་གི་ཐོག་ལས་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ ད་ལྟོ་ གློག་ཐག་ཧེང་སྐལ་འཐེན་ནིའི་དོན་ལུ་ ཞུ་བ་འབད་དེ་ཡོདཔ་ཨིན་པས།
ཨར་ཨེན་ ཁ་ཛཱན་ཅི་གིས་ སླབ་མིའི་ནང་ མ་གཞི་ འགོ་ཐོག་ལུ་ ལས་འགུལ་དེ་གིས་ གློག་ཤུགས་ མེ་ག་ཝཱཊ་༩༩༠ ཐོན་སྐྱེད་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༧,༧༨༠ ཚོད་རྩིས་བཏོན་ཡོདཔ་ཨིན་རུང་ ཤུལ་ལས་ གློག་ཤུགས་མེ་ག་ཝཱཊ་༡,༠༢༠ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༥༤,༠༠༠ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ཏེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ མཐའ་དཔྱད་ཞིབ་འཚོལ་འབད་བའི་སྐབས་ ས་འོག་གློག་མེ་འཕྲུལ་ཁང་དེ་ཡང་ ཧེ་མ་ ངོས་འཛིན་འབད་མི་ ས་ཁོངས་ལས་ ཀི་ལོ་མི་ཊར་༣ སྤོ་བཤུད་འབད་དགོཔ་ཐོན་ཡོདཔ་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ འགོ་བཙུག་ནིའི་དོན་ལུ་ ལས་འགུལ་གྱི་ ས་གནས་ཁག་ཚུ་ནང་ འགྲུལ་འཁོར་ལམ་ ཀི་ལོ་མི་ཊར་༡༠ དང་ གཙང་ཆུའི་གུ་ རིང་ཚད་མི་ཊར་༩༠ འབད་མི་ ཟམ་༢ རྐྱབ་ཅི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པ་ཚུན་ ལས་འགུལ་གྱི་ ཟད་འགྲོ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༣,༡༣༣ ལག་ལེན་འཐབ་ཚར་ཡོདཔ་ད་ དེ་གི་གྲས་ལས་ དངུལ་ཀྲམ་ས་ཡ་༣༧༨ འགྲུལ་འཁོར་ལམ་བཏོན་ནི་དང་ གློག་ཐག་འཐེན་ནི་ དེ་ལས་ སྒེར་གྱི་ ཅ་ཆས་དང་ སྒྲིང་ཁྱིམ་ གླ་ཁར་ལེན་མི་ཚུ་གི་དོན་ལུ་ འབྲུག་པའི་ ཁག་འབགཔ་ཚུ་ལུ་ སྤྲོད་མི་དེ་ ད་ལྟོ་ཚུན་ཚོད་ ལག་ལེན་འཐབ་ཚར་ཡོད་པའི་ ཟད་འགྲོ་ལས་ བརྒྱ་ཆ་༡༢ ཨིན་པས།
ལས་འགུལ་དེ་ནང་ གཞི་རྟེན་མཁོ་ཆས་ཁག་༢༥ དེ་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་གནས་ཀྱི་ ཁག་འབགཔ་དང་ ལས་སྡེ་༡༥ གིས་ འབྲེལ་གཏོགས་འབད་དོ་ཡོདཔ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

 ཉི་མ་དབང་འདུས།

No comments:

Post a Comment