ཉི་མ་དབང་འདུས།
ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ ། ༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོད་མིའི་གདོང་ལེན་ལུ་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེའི་ ཁ་ཐུག་ལས་ ལྷན་ཐབས་ཀྱི་ ཐབས་ལམ་ཚུ་ ག་ཅི་ར་ བཏོན་དགོཔ་ཡོདཔ་ཨིན་ནའི་ གྲོས་འཆར་ཅིག་ གཞུང་ལུ་ ཕུལ་ཡོདཔ་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀརྨ་ཡོན་ཏན་གྱིས་འབད་བ་ཅིན་ གལ་སྲིད་ ཐབས་ལམ་ཚུ་བཏོན་དགོཔ་སྦེ་ སླབ་པ་ཅིན་ ལས་སྡེའི་འོག་ལུ་ཡོད་མི་ ལས་སྡེ་གཞན་ཚུ་ནང་ མཁོ་གལ་ཅན་མེད་པའི་ ཟད་འགྲོ་ཚུ་ མར་ཕབ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཁམས་ཅིག་ཁར་ ལས་སྡེ་གཞན་ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་གི་བར་ན་ རུ་པིའི་དཀའ་ངལ་སྐོར་ལས་ ཞལ་འཛོམས་ཅིག་ཡང་ འཚོགས་ཅི་ཟེར་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་གི་འོག་ལུ་ ལས་སྡེ་༧ གྱི་ནང་ ཏི་རུ་ཐོབ་མི་དང་ ཕྱི་ཁར་གཏང་དགོཔ་ཡོད་པའི་ དངུལ་རྩིས་ཀྱི་ ཞིབ་འཚོལ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ལས་སྡེ་ཚུ་གི་ འོང་འབབ་དང་ ཟད་འགྲོ་ ལས་འགུལ་གསརཔ་གཞི་བཙུགས་ཀྱི་དོན་ལུ་ ཟད་འགྲོ་གཏང་དགོཔ་ དེ་ལས་ སྐྱིན་འགྲུལ་ལོག་བཏབ་དགོཔ་ཡོད་མི་ཚུ་ལུ་ གཞི་བཞག་ཐོག་ལས་ འབད་ཡོདཔ་ཨིན་པས།
ལས་སྡེ་ཚུ་གིས་ ཏི་རུ་ཐོབ་མི་དང་ ཕྱི་ཁར་གཏང་དགོཔ་ཡོད་མི་ དངུལ་རྩིས་ཞིབ་འཚོལ་དེ་ ཟླཝ་༣ གྱི་བར་ན་ ཚར་རེ་འབད་ ལན་ཐེངས་༣ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ རུ་པི་རྐྱངམ་གཅིག་མེན་པར་ གཞན་ཡང་ དངུལ་ཀྲམ་དང་ ཕྱི་རྒྱལ་གྱི་ཏི་རུ་ཚུ་གི་དོན་ལུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ ཀརྨ་ཡོན་ཏན་གྱིས་ སླབ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཞིབ་འཚོལ་ཐེངས་དང་པ་དེ་ སྤྱི་ཟླ་དང་པ་དང་༢ པ་ དེ་ལས་༣ པ་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ མཇུག་དེ་ སྤྱི་ཟླ་༡༠ པ་དང་༡༡ པ་ དེ་ལས་༡༢ པའི་དོན་ལུ་ འགོ་འདྲེན་འཐབ་ནུག།
ཞིབ་འཚོལ་ཐེངས་དང་པའི་སྐབས་ རྒྱ་གར་གྱི་ རུ་པི་དེ་ ནང་ན་འོང་མི་ལས་ ཕྱི་ཁར་བཏང་མི་དེ་ མངམ་སྦེ་མཐོང་ཡོདཔ་ད་ དེ་ཡང་ རུ་པི་ས་ཡ་༩༢༢ ཐོན་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ད་རེས་ཀྱི་ རུ་པིའི་དཀའ་ངལ་དེ་ ཚབས་ཆེན་ཨིན་མིན་སྐོར་ལས་ དྲི་བཀོད་འབད་བའི་ལན་ལུ་ ཀརྨ་ཡོན་ཏན་གྱིས་འབད་བ་ཅིན་ གལ་སྲིད་ དཀའ་ངལ་དེ་ ཚབས་ཆེན་འབད་བ་ཅིན་ གཞུང་གིས་ ལས་སྡེ་ཚུ་གིས་ ཐབས་ལམ་ཚུ་ བཏོན་དགོ་པའི་སྐོར་ལས་ ཡི་གུ་ལྷོད་དགོཔ་ཨིན་རུང་ ཡི་གུ་མ་ལྷོད་མི་ལུ་ བལྟ་བ་ཅིན་ ཚབས་ཆེན་ཨིནམ་བཟུམ་ཅིག་ མི་མཐོང་པས་ཟེར་ སླབ་ཡོད་པའི་གནས་ཚུལ།
No comments:
Post a Comment