གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་རོ་ཁ་ཁྲོམ་ཁར་ འཐུང་ཆུའི་དཀའང་ངལ་ཚབས་ཆེན་ཅིག་ལུ་ འགྱུར་དོ་ཡོདཔ།

༥/༢/༢༠༡༣   གཞུང་ལས་ འཆར་དངུལ་གྱི་ གནང་བ་གྲུབ་པ་ཅིན་ འཐུང་ཆུའི་དཀའ་ངལ་སེལ་ཚུགས་ཟེར་ཨིན་པས།
 ༉ དུས་ཅི་ སྤྱི་ཟླ་༢ པའི་ཟླ་ཕྱེད་ལས་ སློབ་གྲྭའི་སློབ་ཡུན་འགོ་བཙུགས་པའི་བསྒང་ལས་ བསམ་རྩེ་རྡོ་རོ་ཁ་ཁྲོམ་ནང་ སྡོད་མི་ཚུ་ལུ་ འཐུང་ཆུ་ལངམ་མི་འཐོབ་ནི་ཨིན་པའི་ ཚ་གྱང་ཡོདཔ་ཨིན་པས།
དེ་ཡང་ ད་རིས་ཀྱི་ གནམ་དགུན་གྱི་སྐབས་ འཐུང་ཆུ་ལག་ལེན་འཐབ་མི་ལས་ ཕྱེད་ཀ་ལྷགཔ་ཅིག་ སློབ་གྲྭ་གིས་ སྤྱོད་ནི་ཨིནམ་ལས་ ཁྲོམ་ཁའི་ཆུ་རྐ་ལི་དང་ ཆུ་དུང་ཚུ་ ཆུ་མེད་པར་ སྐམ་ཀྲོག་ཀྲོ་སྦེ་ ལུས་ནི་གི་ འོས་འབབ་ཡོད་ནི་དེ་གིས་ཨིན་པས།

རྡོ་རོ་ཁ་ཁྲོམ་ཁར་ ཆུ་འོང་ནི་མེད་པའི་ཆུ་ཏོག།


རྡོ་རོ་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ འཐུང་ཆུ་ལག་ལེན་འཐབ་མི་ ཁྲོམ་ཁའི་མི་ཚུ་གིས་ སླབ་མིའི་ནང་ ཁོང་ལུ་ འཐུང་ཆུའི་དཀའ་ངལ་བྱུང་སྟེ་ ལོ་ངོ་བཅུ་ཕྲག་ལྷག་སོ་ཡི་ཟེར་ཨིན་པས།
ཁྱིམ་མང་ཤོས་ཅིག་གི་གདོང་ཁར་བཏོན་མི་ ཆུ་ཏོག་ཚུ་ནང་ལས་ ཆུ་འོང་ནི་མེད་པར་ ལོ་གཅིག་ར་སྐམ་ཀྲོག་ཀྲོ་སྦེ་ སྡོདཔ་ཨིན་ཟེར་ མི་སེར་ཚུ་གིས་ བཤད་པའི་ཁར་ སྤྱི་ལོ་༡༩༨༤ ལུ་ ཁྲོམ་ཆགས་པའི་སྐབས་ ཚོང་པ་དང་ ས་གནས་དེ་ཁར་ སྡོད་མི་ཚུ་ལུ་ ཆུ་ལངམ་སྦེ་ སྤྱོད་ནི་ཡོད་རུང་ འགྲོས་ཀྱིས་བཏང་སྟེ་ ཚོང་ཁང་དང་ མི་རློབས་ཡར་སེང་འགྱོཝ་ད་ ཆུའི་དཀའ་ངལ་འབྱུང་ནི་ འགོ་བཙུགས་ཅི་ཟེར་ སླབ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ ཆུ་ལང་མ་ཚུགསཔ་ད་ སློབ་གྲྭ་ལས་ བཀྲམ་སྤེལ་འབད་ཡོད་རུང་ ད་རིས་འབད་བའི་བསྒང་ལས་ སློབ་གྲྭ་དང་ ཁྲོམ་གཉིས་ཆ་ར་ལུ་ ལང་མི་ཚུགས་པས་ཟེར་ཨིན་པས།
ས་གནས་དེ་ཁར་སྡོད་མི་ སྐྱེས་ལོ་༢༦ ལང་མི་ ཨྱོན་བཟང་མོ་གིས་ སླབ་མིའི་ནང་ ཆུ་དེ་ ཉིན་སྐོར་སྦེ་ ལྷོདཔ་མ་ཚད་ རེ་ཚེ་སྐབས་ བདུན་ཕྲག་ཅིག་ནང་ ཚར་རེ་ལས་བརྒལ་ འོང་ནི་མེད་ཟེར་ཨིནམ་ད་ མི་ཚེའི་ནང་ འཐུང་ཆུ་དེ་ ཁག་ཆེ་ཤོས་ཅིག་ཨིན་རུང་ འདི་ཡང་ལངམ་སྦེ་ མི་ཐོབ་པས་ཟེར་ཨིན་པས།
ཁྲོམ་ཁར་སྡོད་དེ་ མི་ལོ་༤༠ ལྷགཔ་ཅིག་ལང་མི་ མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྡོ་རོ་ཁ་ཁྲོམ་ནང་ འཐུང་ཆུ་རྐྱངམ་གཅིག་གིས་མ་དོ་བར་ གཞི་རྟེན་མཐུན་རྐྱེན་ དཔེར་ན་ གཙང་སྦྲ་དང་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ཡང་མེད་ཟེར་ཨིན་པས།
ཁྲོམ་ཚོགས་པའི་དྲུང་ཆེན་ ཨིན་ད་ར་ལཱལ་ དུང་ག་ན་གིས་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ཆུ་རྐ་ག་ཏེ་ཡོད་ས་ལས་ འཐུང་ཆུ་བཏོན་ནི་གི་ ཐབས་ལམ་ཚུ་ བཏོན་ཡོདཔ་ཨིན་རུང་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ང་ལུ་ ཆུའི་དཀའ་ངལ་སྐོར་ རྒེད་འོག་དང་ དྲུང་ཁག་བདག་སྐྱོང་ནང་ ཞུ་དགོཔ་སྦེ་ ཨུ་ཚུགས་བསྐྱེདཔ་ཨིན་རུང་ ཆུ་རྐ་མ་པ་ལས་ར་ མེད་པའི་བསྒང་ལས་ ང་བཅས་ཀྱིས་ ཆུ་ག་ཏེ་ལས་ བཏོན་ནི་སྨོ་ཟེར་ ཁོ་གིས་ སླབ་ཨིན་པས།
ཧེ་མར་ཚར་ཅིག་ དྲུང་ཁག་ལུ་མ་དགོ་པའི་ཆུ་དེ་ ཁྲོམ་ལུ་ བཀྲམ་སྤེལ་འབད་ཡོད་རུང་ མི་ག་གིས་ཡང་ ཆུ་དུང་བཙུགས་མ་བཏུབ་ཟེར་ ཁོ་གིས་ སླབ་པའི་ཁར་ དྲུང་ཁག་གིས་ ཁྲོམ་གྱི་ལྟག་ལུ་ ཆུ་མཛོད་ཅིག་ རྐྱབ་ཡོདཔ་ལས་ དེ་ཁ་ལས་ སློབ་གྲྭ་དང་ ཁྲོམ་ལུ་ འཐུང་ཆུ་བཀྲམ་སྤེལ་འབདཝ་ཨིན་ཟེར་ སླབ་ཨིན་པས།
རྡོ་རོ་ཁའི་དྲུང་པ་ ཀུན་བཟང་འཕྲིན་ལས་ཀྱིས་ ཁྲོམ་ཁར་འཐུང་ཆུ་དཀོན་དྲགས་ཡོདཔ་བདེན་ཟེར་ སླབ་པའི་ཁར་ འཐུང་ཆུ་བཀྲམ་སྤེལ་དེ་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ ལས་འཆར་སྦོམ་གྱི་གྲངས་སུ་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
ད་ཚུན་གྱི་བར་ན་ རྡོ་རོ་ཁ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་གནས་ ཚང་ལ་མཚོའི་ སྦོ་ལོགས་ཁར་ཡོད་མི་ རོང་ཆུ་ལས་ ཆུ་བཏོན་ནི་སྦེ་ ངོས་འཛིན་འབད་ཡོདཔ་ལས་ འཆར་དངུལ་གནང་བ་འགྲུབ་ནི་ལུ་ བསྒུག་སྟེ་ཡོད་ཟེར་ དྲུང་པ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་རྐའི་འོས་འབབ་བརྟག་དཔྱད་འབད་ཚར་ཡོདཔ་བཞིན་དུ་ ཆུ་རྐ་དེ་ནང་ལས་ འཐུང་ཆུ་དང་ ཞིང་ཆུ་གཉིས་ཆ་ར་ལངམ་སྦེ་ བཀྲམ་སྤེལ་འབད་ཚུགས་ཟེར་ཨིན་པས།
འཆར་གཞི་ནང་ ལས་ཁང་དང་ ཡིག་ཚང་ཁག་སོ་སོ་ སློབ་གྲྭ་ དེ་ལས་ རྡོ་རོ་ཁའི་ སྡོད་ཁྱིམ་གཞན་ཚུ་ལུ་ཡང་ འཐུང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ད་རེས་ནངས་པའི་ རྡོ་རོ་ཁའི་ གནས་སྟངས་ལུ་ལྟ་སྟེ་ གཞུང་གིས་ཡང་ ང་བཅས་ཀྱིས་ འཆར་དངུལ་བཙུགས་མི་ལུ་ གནང་བ་འགྲུབ་འོང་མནོ་བའི་ རེ་བ་ཡོད་ཟེར་ དྲུང་པ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment