གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་ཀྱི་རྩེདམོ་ མི་ཉམས་གོང་འཕེལ་གྱི་དོན་ལུ་ གྲོས་བསྡུར།

༧/༢/༢༠༡༣   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ བཟའ་ཁང་ནང་སྦེ་ འཕྲལ་ཁམས་ཅིག་ཁར་ ལས་རོགས་ཞིབ་འཚོལ་པ་༢༠ དེ་ཅིག་གིས་ རྫོང་ཁག་༢༠ ག་རའི་ནང་ རང་ལུགས་ཀྱི་རྩེདམོ་གི་སྐོར་ སྙན་ཞུ་བསྡུ་ལེན་འབདཝ་ད་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ མར་ཉམས་སོང་ཡོད་པའི་ གསལ་སྟོན་བྱུང་ཡི།
རང་ལུགས་རྩེདམོ་གི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།


རང་ལུགས་རྩེད་རིགས་ཚོགས་པའི་ ཁྲི་འཛིན་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རང་ལུགས་ཚོགས་པ་དེ་ སྤྱི་ལོ་༢༠༠༢ ལུ་ གཞི་བཙུགས་འབད་བའི་ཤུལ་ལུ་ རང་ལུགས་ཀྱི་རྩེདམོ་མ་འདྲཝ་ཚུ་ དར་ཁྱབ་གཏང་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་བརྩམས་ཏེ་ རྒྱལ་ཁབ་ནང་ ཧེ་མ་མེད་པའི་ འཆར་གཞི་དང་ སྲིད་བྱུས་ ལམ་ལུགས་སྲོལ་ དེ་ལས་ ཁྲིམས་ལུགས་ཚུ་ བཟོ་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ རྩེདམོ་གི་རིགས་ག་ཅི་ར་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་ལྟཝ་ད་ རྩེདམོ་གི་རིགས་༢༥ དེ་ཅིག་ ཡོདཔ་སྦེ་ ཤེས་རྟོགས་བྱུང་རུང་ ད་ཚུན་ ཐོ་བཀོད་འབད་དེ་ རྩེད་ཐངས་དང་ ཁྲིམས་ལུགས་ དེ་ལས་ རྩེདམོ་གི་རིགས་ཚུ་ རྩེ་ས་མཐོང་ནི་མེདཔ་ལས་ ད་ལས་ཕར་ བདག་འཛིན་འཐབ་སྟེ་ གོང་འཕེལ་གཏང་ནི་ལུ་ གཙོ་བོ་བཏོནམ་ ཨིན་ཟེར་ཨིན་པས།
རྩེདམོ་ཚུ་ རྫོང་ཁག་དང་ རྒེད་འོག་ དེ་ལས་ གཡུས་སྒོ་ག་ཏེ་ལུ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་ན་དང་ དེ་ཚུ་གི་འབྱུང་རབས་དང་ དར་ཚུལ་ཚུ་གི་སྐོར་ལས་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ཉམས་མྱོང་ཡོད་མི་ མི་རྒན་ཤོས་ཚུ་ལས་ གནས་ཚུལ་བསྡུ་ལེན་འབད་དེ་ ཐོ་བཀོད་འབད་བཞག་ནི་ཨིནམ་མ་ཚད་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ རང་ལུགས་ཀྱི་རྩེདམོ་ཚུ་ ཐོ་བཀོད་འབད་དེ་ འགྲེམས་སྟོན་ཁང་ནང་ བཞག་ནི་དེ་ ཨིན་ཟེར་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢༠ གདམ་འཐུ་འབད་དེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ རྫོང་ཁག་༢༠ འི་ནང་ རྩེད་རིགས་རྐྱངམ་གཅིག་ཞིབ་འཚོལ་འབད་ནི་མིན་པར་ རྫོང་ཁག་དང་ རྒེད་འོག་ དེ་ལས་ གཡུས་སྒོ་ཚུ་ནང་ ཕྱོགས་ཕྱོགས་སྦེ་ རྩེད་འགྲན་འབདཝ་ད་ རྒྱབ་རྟེན་རྩིསཔ་བཏོན་ཐངས་དང་ རྐང་ཚིགས་ལག་ཚིགས་ཚུ་འབལ་འགྱོ་མི་ཚུ་ བཅོ་ཁ་རྐྱབ་མི་དང་ བཙུགས་མིའི་ མི་རྒན་རྒས་ཚུ་ ཐོ་བཀོད་འབད་བཞག་ནིའི་དོན་ལུ་ ཞིབ་འཚོལ་འབད་བར་ བཏང་ཡོདཔ་ཨིན་པས།
མདའ་རྩེད་འགྲན་འབད་མིའི་ ཕོ་སྐྱེས་ཚུ་ དབང་རྟ་ཀླུང་རྟ་འབར་ནི་ཨིན་པའི་ཁར་ རྩིསཔ་བཏོན་ཐངས་ མདའ་རྩེད་འགྲན་འབད་མི་ཕོ་སྐྱེས་ཚུ་ ཨམ་སྲུ་དང་གཅིག་ཁར་ཉལ་མ་བཏུབ་པའི་ཁར་ རྩེད་འགྲན་འབད་མི་ཚུ་ ཞག་གཅིག་ས་གནས་གཅིག་ནང་སྦེ་ སྡོད་ལུགས་ཚུ་ སྙན་ཞུ་འབད་ཡི།
ད་རིས་སྙན་ཞུ་འབད་མི་ཚུ་ གྲོས་སྟོན་པ་ཚུ་གིས་ བསྡུ་སྒྲིག་འབད་བཞག་ནི་ཨིནམ་མ་ཚད་ གལ་སྲིད་ ཁ་སྐོང་ལུས་ཚུ་གི་དོན་ལུ་ ད་རུང་ ཞིབ་འཚོལ་འབད་དེ་ ཤུལ་ལས་ དཔེ་དེབ་བཟོ་སྟེ་ འགྲེམས་སྟོན་ཁང་ནང་ བཞག་ནི་ཟེར་ ཁྲི་འཛིན་གྱིས་ སླབ་ཨིན་པས།
རྒྱལ་ཁབ་ནང་ རྩེདམོ་མདའ་དང་ རྡོས་སྒོར་ ཁུ་རུ་ འབྱིད་དུམ་ སོག་སོམ་ཚུ་ རྩེད་འགྲན་འབད་མི་ལས་ རྒྱལ་ཁ་ཐོབ་མི་ མིང་གཏམ་ཅན་ཚུ་ ཐོ་བཀོད་འབད་ནི་དང་ དང་ཕུགས་ཀྱི་ མདའ་དང་གཞུ་ གཞུ་ཐག་ དགོས་མཁོ་ཆེ་བའི་ཅ་ཆས་ མདའ་གུ་བཀལ་མིའི་ བྱའི་སྒྲོ་ མདེའུ་ཡངས་ཀ་ བསྡུ་ལེན་འབད་དེ་ འབག་འོང་མི་ཚུ་ མིང་ཐོ་དང་སྦྲགས་ཏེ་ འགྲེམས་སྟོན་ཁང་ནང་ ཕྱི་རྒྱལ་ལྟ་བཤལཔ་དང་ འབྲུག་མི་ཚུ་གི་དོན་ལུ་ བཞག་ནི་ཨིན་པས།
ལས་རོགས་ཞིབ་འཚོལ་པ་ཚུ་ལུ་ རྒྱབ་སྐྱོར་འབད་དོན་ལུ་ རྫོང་ཁག་སྲོལ་འཛིན་འགོ་དཔོན་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་འབད་ཡོདཔ་ད་ ཁོང་གིས་སྦེ་ རྫོང་ཁག་ནང་ རྩེདམོ་ག་ཅི་ར་ཡོདཔ་ཨིན་ན་ རྩེད་འགྲན་འབད་མི་ མིང་གཏམ་ཅན་ཚུ་དང་ ཕྱད་ཞིནམ་ལས་ དྲིས་བཀོད་འབད་ཐོག་ལས་ ཞིབ་འཚོལ་འབད་དགོཔ་ཨིན་རུང་ སྲོལ་འཛིན་འགོ་དཔོན་ལ་ལུ་ཅིག་གིས་ དམིགས་ཡུལ་འགྲུབ་མ་ཚུགས་པར་འདུག་ཟེར་ སླབ་ཨིན་པས།
སྤ་རོ་རྫོང་ཁག་ནང་ ཞིབ་འཚོལ་འབད་བར་སོང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཞིབ་འཚོལ་སྙན་ཞུ་གསལ་བཤད་འབད་བའི་སྐབས་ རྫོང་ཁག་ནང་ ཕྱི་རྒྱལ་གྱི་མདའ་གཞུ་དང་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་མི་ དེ་ལས་ ཁུ་རུའི་རྩེདམོ་ རྩེ་ནིའི་སྲོལ་ཡོད་རུང་ འབྱིད་དུམ་དང་ སོག་སོམ་ རྡོས་སྒོར་ དཔུང་རྡོ་ སྟག་དང་ནོར་ དེ་ལས་ རྩེདམོ་གཞན་ཚུ་ རྩེ་མི་མེདཔ་མ་ཚད་ ཤེས་མི་ཡང་ མིན་འདུག་ཟེར་ གསལ་བཤད་འབད་ཡི།
ལོ་༥ འི་ཧེ་མར་ སྤ་རོ་རྫོང་ཁག་ནང་སྦེ་ ཨམ་པ་སངས་དབང་མོ་གིས་ རྒྱལ་ཁབ་ནང་ འགོ་དང་པ་ ཨམ་སྲུ་ཚུ་གི་བར་ན་ ཁུ་རུ་འགྲན་བསྡུར་འབད་དེ་ དྲག་ཤོས་ཐོབ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ གཏམ་འདྲ་མིན་སྣ་ཚོགས་སླབ་མི་ལུ་བརྟེན་ རྩེད་འགྲན་འབད་ནི་བཞག་སྟེ་ ཚོང་འབྲེལ་གྱི་ལཱ་འབད་སྡོད་ནུག་ཟེར་ཨིན་པས།
ཕོ་སྐྱེས་ཀྱི་རྩེདམོ་ཚུ་ ཨམ་སྲུ་གིས་ ལག་ལེན་འཐབ་མི་ཆོག་ཟེར་སླབ་མི་དེ་ཡང་ གལ་སྲིད་ ཨམ་སྲུ་ཚུ་གིས་ རྩེདམོ་ཚུ་རྩེཝ་འདྲཝ་ཅི་འབད་བ་ཅིན་ རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ལང་ནི་དང་ གཡུས་སྒོ་ནང་ སྟབས་མ་བདེཝ་འབྱུང་ཉེན་ཡོད་ཟེར་ རྫོང་ཁག་༢༠ འི་ གཡུས་སྒོའི་མི་སེར་ རྒན་རྒས་ཚུ་གིས་ བཤདཔ་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
ཀརྨ་བསམ་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ བཀྲིས་གཡང་རྩེ་རྫོང་ཁག་ནང་ འབད་བ་ཅིན་ གཞན་རྫོང་ཁག་ཚུ་བཟུམ་སྦེ་ རང་ལུགས་སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་ནི་མེན་པར་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
འབྲུག་མདའ་རྩེད་ཚོགས་པའི་འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་༢༠ འི་ནང་ ལས་རོགས་ཞིབ་འཚོལ་པ་བཏང་མི་དེ་གིས་ དམིགས་ཡུལ་བརྒྱ་ཆ་༩༠ དེ་ཅིག་ གྲུབ་ཡོད་ཟེར་ཨིན་པས།
རང་ལུགས་རྩེད་རིགས་ཚོགས་པའི་ དམིགས་དོན་བཟུམ་ཅིག་སྦེ་ རྒྱལ་ཁབ་ནང་ རྩེདམོ་གི་རིགས་དང་འབྲེལ་བའི་ གནད་དོན་གཞན་ཚུ་ ཞིབ་འཚོལ་འབད་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
ད་ལས་ཕར་ཡང་ འབྲུག་རྒྱལ་ཁབ་ནང་ རྩེད་རིགས་ཚུ་ ས་གནས་འཐདམ་ཐད་ཁ་ལས༌ཕར་ ཞིབ་འཚོལ་འབད་བར་གཏང་ནིའི་འཆར་གཞི་དང་ སྲིད་བྱུས་ཚུ་ ཡོད་ཟེར་ཨིནམ་ད་ ད་རེས་འགོ་འདྲེན་འཐབ་མིའི་ཞིབ་འཚོལ་ལས་རིམ་དེ་ ནེ་དཱར་ལེནསི་དང་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ རྒྱབ་སྐྱོར་མ་དངུལ་ཐོག་ལས་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment