གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲོལ་ཁྱུན་བཟོ་བཀོད་ཚུ་ ཁུངས་ལྡན་བཞག་ནི་ལུ་ བཙོན་ཤུགས་བསྐྱེད་དགོཔ།

༢/༢/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་སྦེ་ འབྲུག་པའི་སྲོལ་ཁྱུན་གྱི་ བཟོ་བཀོད་ཚུ་ ཁུངས་དང་ལྡནམ་སྦེ་ བཞག་ཐབས་ཀྱི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཧེ་མ་འབད་བ་ཅིན་ འབྲུག་ལུ་ རང་སོའི་ཁྱིམ་ནང་ མཆོད་བཤམ་ཚུ་ ཁག་ཆེཝ་སྦེ་ བརྩི་འཇོག་འབད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རང་སོ་སྡོད་སའི་ཁང་མིག་དང་ གསང་སྤྱོད་ཚུ་ ཁག་ཆེཝ་སྦེ་ བརྩིཝ་ཨིན་མས་ཟེར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ སླབ་ཨིན་པས།


ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དེ་བཟུམ་མའི་ འགྱུར་བ་ཚུ་ བྱུང་དོ་བཟུམ་སྦེ་ རང་ལུགས་ཀྱི་བཟོ་བཀོད་ཚུ་ལུ་ཡང་ དུས་དང་བསྟུན་པའི་འགྱུར་བ་ཚུ་ བྱུངམ་མས་ཟེར་ སླབ་ཨིན་པས།
དྲགོས་ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ འབྲུག་མི་མང་ཤོས་ཅིག་ ཕྱི་རྒྱལ་གྱི་ ཤེས་རིག་ལམ་ལུགས་ཐོག་ལས་ དཔེ་ཆ་ལྷབ་ནི་དེ་གིས་ ད་རེས་ རྒྱལ་ཁབ་ཀྱི་ ཁ་སྐད་ལས་འགོ་བཙུགས་ཏེ་ ལམ་སྲོལ་གྱི་དཀའ་ངལ་ཚུ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་བཞིན་དུ་ དེ་ལུ་ སྲིད་བྱུས་ཐོག་ལས་ ངོས་ལེན་འབད་དགོཔ་ ཁག་ཆེ་བའི་ དུས་ཚོད་ཅིག་ནང་ ལྷོད་ནུག་ཟེར་ཨིན་པས།
མ་གཞི་ ཕྱི་ཁ་ལས་ ག་དེ་སྦེ་སླབ་རུང་ མཐའན་མཇུག་ལུ་ གྲོས་ཐག་བཅད་མི་དེ་ མི་རང་སོའི་ སེམས་ཨིནམ་ལས་ འབྲུག་པའི་སྲོལ་ཁྱུན་བཟོ་བཀོད་ཚུ་ བདེན་ཁུངས་དང་ལྡནམ་སྦེ་ བཞག་ཐབས་ལུ་ མི་གི་མནོ་ལུགས་ཚུ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ དྲོགས་ཤེས་རབ་ཀྱི་ སླབ་ཨིན་པས།
དེ་ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་མའི་ གྲོས་བསྟུན་ཞལ་འཛོམས་ འགོ་འདྲེན་འཐབ་དགོ་མི་དེ་ཡང གཙོ་བོ་ར་ འབྲུག་པའི་སྲོལ་ཁྱུན་གྱི་ བཟོ་བཀོད་ངོ་མ་ཚུ་ ངོས་འཛིན་འབད་ཐོག་ལས་ ཉམས་སྲུང་ཚུ་ ག་དེ་སྦེ་ འབད་ནི་ཨིན་ནའི་ ཐབས་ལམ་གཏོན་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་གི་དོན་ལུ་ ད་རེས་ཀྱི་ཞལ་འཛོམས་དེ་ འགོ་དང་པ་ཨིནམ་ད་ ད་ལས་ཕར་ཡང་ ཞལ་འཛོམས་ཁག་ མང་རབས་ཅིག་ འཚོགས་དགོཔ་ཡོད་ཟེར་ སླབ་ཨིན་པས།
འབྲུག་པའི་སྲོལ་ཁྱུན་བཟོ་བཀོད་ཟེར་བའི་སྐབས་ལུ་ དེ་ནང་ ཁྱིམ་དང་ ལྷ་ཁང་ རྫོང་ དེ་ལས་ དགོན་པ་ཚུ་ ཚུད་ནི་ཨིན་རུང་ རང་ལུགས་ཀྱི་ཁྱིམ་ཚུ་ཡང་ རྒྱལ་ཁབ་ཀྱི་ལུང་ཕྱོགས་དང་ རྫོང་ཁག་ཚུ་དང་འཁྲིལ་ མ་འདྲཝ་སྦེ་ ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ལྷོ་མཚམས་ས་གནས་ཚུ་ནང་ཡོད་པའི་ རང་ལུགས་ཀྱི་ཁྱིམ་ཚུ་ ནུབ་ཕྱོགས་ལུང་ཕྱོགས་ནང་ཡོད་པའི་ རང་ལུགས་ཀྱི་ ཁྱིམ་གྱི་བཟོ་བཀོད་ཚུ་དང་ མི་འདྲ་ཟེར་ཨིན་པས།
དེ་དང་འཁྲིལ་ ད་ལྟོ་ཚུན་ལུ་ ནང་སྲིད་ལྷན་ཁག་གིས་ རང་ལུགས་ཀྱི་ ཁྱིམ་རྙིངམ་༢ ངོས་འཛིན་འབད་ཐོག་ལས་ ཉམས་བཅོས་འབད་དེ་ཡོདཔ་ད་ དེ་ཡང་ གཅིག་ དར་དཀར་དཔལ་ལ་ དཀར་ནག་རྒེད་འོག་ ཉི་གདུགས་ཁ་ལུ་ཡོད་པའི་ དར་དཀར་དཔོན་སློབ་ཀྱི་གཟིམ་ཅུང་དང་ གཞན་མི་དེ་ ཀྲོང་གསར་གླང་ཐལ་ལུ་ཡོད་པའི་ དང་ཕུ་ མི་ཕྱུགཔོ་འབད་མིའི་ བཟའ་ཚང་ཅིག་གི་ ཁྱིམ་དེ་ཨིན་ཟེར་ཨིན་པས།
ཐོག་ཚད་༤ རེ་འབད་བའི་ ཁྱིམ་དེ་ཚུ་ ད་རེས་ཀྱི་ བརྒྱུད་འཛིན་བཟའ་ཚང་ཚུ་གིས་ ཉམས་བཅོས་འབད་མ་ཚུགས་པར་ སྔར་ག་ཨིནམ་སྦེ་ར་ བཞག་སྟེ་འདུག་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ འདས་པའི་ལོ་༡༠ དེ་ཅིག་ཚུན་ འབྲུག་གིས་ སྲོལ་ཁྱུན་ཉམས་བཅོས་དང་ བསྐྱར་བཟོའི་སྐོར་ལས་ ཧ་མ་གོ་བར་སྡོད་ཡོདཔ་ད་ ད་རེས་ བུམ་ཐང་ལུ་ཡོད་པའི་ བུ་ལི་ལྷ་ཁང་དང་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིན་མི་ སེམས་རྟོགས་ཁ་རྫོང་ཚུ་གིས་གཙོས་པའི་ གཞན་སྲོལ་ཁྱུན་ཅན་གྱི་ བཟོ་བཀོད་ལེ་ཤ་ཅིག་ ཉམས་གསོ་དང་ བསྐྱར་བཟོ་འབད་དེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨིང་སྐད་ནང་ལས་ ག་ཅི་ར་འབད་རུང་ རྙིངམ་དེ་ གསེར་ཨིན་ཟེར་བའི་ སླབ་སྲོལ་ཅིག་ཡོད་མི་ དེ་བསྒང་ འབྲུག་ལུ་ ལག་ལེན་མ་འཐབ་མ་ཚད་ ག་ཅི་ར་འབད་རུང་ གསརཔ་འབད་བ་ཅིན་ དེ་ལུ་ གནས་ཁུངས་ཆེཝ་སྦེ་ བརྩི་འཇོག་འབད་དེ་ སྡོད་ནུག་ཟེར་ཨིན་པས།
དཔེ་འབད་བ་ཅིན་ འབྲུག་མི་ཚུ་གིས་ ག་ནི་བ་ འཇའ་ཆི་ཆི་སྦེ་ཡོད་པའི་ རང་ལུགས་ཀྱི་ གྱོན་ཆས་ཚུ་ཡང་ ནང་འདྲེན་འབད་བའི་ ཅ་ཆས་གསརཔ་ཚུ་དང་ བརྗེ་སོར་འབད་དེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ ཅ་རྙིང་གི་གནས་ཁུངས་དང་ ནུས་པ་ཚུ་གི་སྐོར་ལས་ ཧ་གོ་སྟེ་ ཡོད་ཟེར་ཨིན་པས།
ཨིན་རུང་ ཉམས་བཅོས་དང་ བསྐྱར་གསོ་ཟེར་བའི་སྐབས་ དེ་ནང་འབད་དགོ་པའི་ ལཱ་གི་ཚད་གཞི་དང་ ཚུལ་མཐུན་བྱ་སྒོ་ཚུ་གི་སྐོར་ལས་ ཧ་གོ་དགོཔ་ཡང་ འདུག་ཟེར་ཨིནམ་མ་ཚད་ དཔེ་འབད་བ་ཅིན་ ལྷ་སའི་ཇོ་བོ་དེ་ ཉིན་བསྟར་བཞིན་དུ་ དད་ཅན་ཚུ་གིས་ ཞལ་གསེར་ཚུ་སོར་ཏེ་ སྒྲོན་མི་ལུ་བརྟེན་ སོ་སོར་སྦེ་ མཇལ་དོ་བཟུམ་ཅིག་ཨིན་ཟེར་ སླབ་ཨིན་པས།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོག་མ་ དྲགོས་པདྨ་འཕྲིན་ལས་ཀྱིས་ ཉམས་སྲུང་ཟེར་བའི་སྐབས་ རང་ལུགས་ཀྱི་ གལ་གནད་ཅན་གྱི་ བཟོ་བཀོད་ཚུ་རྐྱངམ་གཅིག་མེན་པར་ ས་ཆའི་མཐོང་སྣང་དང་ གཡུས་སྒོའི་ཆགས་ཚུལ་ཚུ་ཡང་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ལས་ དེ་ཚུ་ལུ་ཡང་ གཙོ་བོར་བཏོན་དགོཔ་འདུག་ཟེར་ སླབ་ཨིན་པས།
ཞལ་འཛོམས་ནང་ ཇ་པཱན་དང་ ཨ་མི་རི་ཀ་ དེ་ལས་ ཕིན་ལེནཌི་རྒྱལ་ཁབ་ཚུ་ནང་ལས་ མཁས་མཆོག་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཨ་མི་རི་ཀ་ལས་ དགེ་བཤེས་གསི་ཊཱ་བོ་ ཨ་རའོཟི་གིས་འབད་བ་ཅིན་ མ་གཞི་འབྲུག་ལུ་ སྔར་ཁྱུན་གྱི་བཟོ་བཀོད་ཚུ་ ལེགས་ཤོམ་སྦེ་ གནས་ཏེ་ཡོདཔ་ཨིན་རུང་ ཚོང་འབྲེལ་ལུ་བརྟེན་པའི་ དོ་འགྲན་བྱུང་མི་ཚུ་ལུ་ ཉམས་སྲུང་གི་ཐབས་ལམ་ཚུ་ ཧེང་བཀལ་སྦེ་ར་ བཏོན་དགོཔ་འདུག་ཟེར་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༢༩ ལུ་ འབྲུག་ལུ་ལྷོད་མི་ ཕྱིའི་མཁས་མཆོག་ཚུ་གིས་ སེམས་རྟོགས་ཁ་རྫོང་དང་ བཀྲིས་ཆོས་རྫོང་ དབང་འདུས་ཕོ་བྲང་ འཕང་ཡུལ་དང་ ཁྱུང་གནས་དགོན་པ་ དེ་ལས་ སྤུ་ན་ཁ་རྫོང་ཚུ་ནང་ ལྟ་སྐོར་འབད་ཡོདཔ་ད་ ད་རིས་ རྒྱལ་ཁབ་ནང་ལས་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment