གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་ཁྲིམས་ལུགས་དང་ ལག་དེབ་ཀྱི་གོ་བརྡ།

༦/༢/༢༠༡༣    ༉ དུས་ཅི་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་༢ པའི་དོན་ལུ་ བཙག་འཐུ་དང་འབྲེལ་བའི་ རྩོད་རྙོགས་སེལ་ཐབས་ལུ་ ཁྲིམས་ལུགས་ཚུ་ རྩ་བརྟན་བཟོ་ཡོདཔ་ལས་ ཉོགས་བཤད་བཀོད་མི་ཚུ་ལུ་ བྱ་སྟབས་བདེ་དྲགས་ འབྱུང་ནི་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཀྱི་ བཙག་འཐུ་དང་པའི་སྐབས་ ཉོགས་བཤད་བཀོད་མི་ཚུ་ ལྷན་ཚོགས་ནང་ བཙུགས་དགོཔ་ཐོན་མི་དེ་ ད་ལས་ཕར་ བཙག་འཐུའི་རྩོད་རྙོགས་ཁྲིམས་ལུགས་༢༠༡༣ ཅན་མའི་ནང་ ཉོགས་བཤད་བཀོད་སའི་ གནས་རིམ་༣ སྦེ་ བཟོ་སྟེ་ཡོད་མི་དང་འཁྲིལ་ མི་ཚུ་གིས་ ཉོགས་བཤད་བཀོད་ནི་ཡོད་པ་ཅིན་ རང་སོའི་རྫོང་ཁག་ཚུ་ནང་ བཙུགས་ཚུགས་ནི་ཨིན་པས།
ཨིན་རུང་ ཉོགས་བཤད་ཚུ་ བཙག་འཐུའི་འགོ་དཔོན་ ཡོད་ཚད་ཅིག་ལུ་ སྤྲོད་མི་བཏུབ་ནི་དང་ ཉོགས་བཤད་ཚུ་ ཉོགས་བཤད་ལེན་མི་དབང་འཛིན་ལུ་ར་ སྤྲོད་དགོཔ་ཨིན་པས།
ཉོགས་བཤད་ལེན་མི་དབང་འཛིན་ནང་ བཙག་འཐུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དང་ བཙག་འཐུ་འགོ་འདྲེན་གཙོ་འཛིན་ རྒྱལ་ཡོངས་ལྟ་རྟོག་པ་ ལྟ་རྟོག་པ་ཆུང་བ་ ངོས་ལེན་འགོ་དཔོན་ དེ་ལས་ ངོས་ལེན་འགོ་དཔོན་འོག་མ་ཚུ་ ཚུདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ དབང་འཛིན་གྱི་ འཐུས་མིའི་ནང་ བཙག་འཐུའི་སྤྱི་ཁྱབ་བཙུགས་མི་དེ་ སྤྱི་ཚོགས་ཀྱི་ བཙག་འཐུའི་སྐབས་ གོ་ཡངས་ཏོག་ཏོ་སྦེ་ བཞག་ནིའི་དོན་ལུ་ རྐྱངམ་གཅིག་ཨིནམ་ད་ གཞན་མི་བཙག་འཐུ་ཚུ་གི་སྐབས་ བཙག་འཐུའི་སྤྱི་ཁྱབ་མི་ཚུད་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་འབད་བ་ཅིན་ ལམ་ལུགས་དེ་ མེད་མི་ལུ་བརྟེན་ ཉོགས་བཤད་ཚུ་ག་ར་ ཐད་ཀར་དུ་ ལྷན་ཚོགས་ནང་ར་ བཙུགས་དགོཔ་ཐོན་ཡོདཔ་ཨིན་པས།
བཙག་འཐུའི་ལས་སྣ་དོན་ལུ་ གསལ་བསྒྲགས་འབད་མི་ལས་འགོ་བཙུགས་ཏེ་ ཉོགས་བཤད་བཀོད་མི་ཚུ་ལུ་ རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ དབྱེ་ཞིབ་འབད་ཐོག་ལས་ ཚོགས་རྒྱན་བཙུགས་ནི་ལུ་ ཉིན་གྲངས་༩གི་ཧེ་མར་ གྲོས་ཐག་བཅད་དགོཔ་ད་ དེ་དང་འཁྲིལ་ ཚོགས་པ་དེ་ཡང་ རང་བཞིན་གྱིས་ ཆ་མེད་འགྱོ་ནི་ཨིན་པས།
དེ་ལས་ ཚོགས་རྒྱན་གྱི་ཉིནམ་རན་ནི་ལུ་ ཉིནམ་༩ པ་དང་༨ པ་ དེ་ལས་༧ པ་ཚུ་ནང་ཐོན་མི་ ཉོགས་བཤད་ཚུ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལྟེ་བའི་ནང་ འགྱོ་དགོཔ་ད་ དེ་གི་ཤུལ་ལས་ བཙག་འཐུ་རན་ནི་ལུ་ ཉིནམ་ཅིག་གི་ཧེ་མ་ཐོན་མི་ ཉོགས་བཤད་ཚུ་ ལྷན་ཚོགས་ནང་ བཙུགས་དགོཔ་ཨིན་པས།
དུས་ཚོད་དེ་ཚུ་ནང་ མ་ཚུད་པའི་ཉོགས་བཤད་ཚུ་ལུ་ ལྷན་ཚོགས་ཀྱིས་ ངོས་ལེན་མི་འབད་ནི་དང་ ཚོགས་རྒྱན་བཙུགས་པའི་ཉིནམ་ལུ་ཐོན་པའི་ ཉོགས་བཤད་ཚུ་ ཁྲིམས་འདུན་ལུ་ བཙུགས་དགོཔ་ཨིན་པས།
བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལམ་ལུགས་ནང་ ཉོགས་བཤད་ག་ཅི་ར་བཀོད་རུང་ དང་པ་ར་ རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ སེལ་ཐབས་འབད་ནི་དང་ གལ་སྲིད་ ཚོགས་པ་དེ་གིས་ གྲོས་ཐག་བཅད་མི་ལུ་ ཡིད་ཆེས་མ་འདྲོངས་པ་ཅིན་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལྟེ་བའི་ནང་ མཐོ་བཏུག་འབད་ཆོག་ནི་དང་ དེ་ནང་ལས་ཡང་ ཡིད་ཆེས་མ་འདྲོངས་པ་ཅིན་ ལྷན་ཚོགས་ནང་ མཐོ་བཏུག་འབད་ཆོག་ནི་ཨིན་པས།
ད་རུང་ ལྷན་ཚོགས་ཀྱིས་ གྲོས་ཐག་བཅད་མི་དེ་ལུ་ཡང་ ཡིད་ཆེས་མ་འདྲོངས་པ་ཅིན་ ཁྲིམས་འདུན་ལུ་ གཏང་ཆོག་ཟེར་ བསོད་ནམས་རྡོ་རྗེ་གིས་སླབ་ཅི།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལས་ ལྟེ་བའི་ནང་ མཐོ་གཏུགས་འབད་ནིའི་དོན་ལུ་ གྲོས་ཐག་བཅད་པའི་ཉིནམ་ལས་ གཞུང་གི་ངལ་གསོ་ཚུ་བརྩིས་ཏེ ཉིནམ་༥ བྱིན་ནི་དང་ ལྟེ་བ་ལས་ ལྷན་ཚོགས་ནང་ མཐོ་གཏུགས་འབད་ནིའི་དོན་ལུ་ གྲོས་ཐག་བཅད་པའི་ཉིནམ་ལས་ གཞུང་གི་ངལ་གསོ་ཚུ་བརྩིས་ཏེ་ ཉིནམ་༢ བྱིན་འོང་ཟེར་ཨིན་པས།
གནས་རིམ་ཚུ་ནང་ ཚོགས་པ་ཚུ་གིས་ སྙན་གསན་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ སྙན་གསན་གྱི་དོན་ལུ་ གསལ་བསྒྲགས་ཀྱི་ དུས་ཡུན་ཉིནམ་༣ རེ་ བྱིན་འོང་ཟེར་ཨིན་པས།
ཨིན་རུང་ ཁྲིམས་དོན་འགོ་དཔོན་གྱིས་ ཉོགས་བཤད་དང་འབྲེལ་བ་ཡོད་མི་ཚུ་ སྡོད་སའི་ས་གནས་ཚུ་དང་འཁྲིལ་ དུས་ཡུན་ཕར་འགྱངས་འབད་འོང་ཟེར་ཨིན་པས།
བདུན་ཕྲག་༢ དེ་ཅིག་ནང་ ཆ་འཇོག་འབད་ནི་ཨིན་མི་ བཙག་འཐུའི་ཁྲིམས་ལུགས་དང་ ལག་དེབ་ཀྱི་སྐོར་ལས་ ཁ་ཙ་ ཐིམ་ཕུ་ལུ་སྦེ་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ལུ་ གོ་བརྡ་སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment