གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་དང་ རྩི་རང་གི་གཞུང་ལམ་ ཉམས་བཅོས་འབད་ཚར་ཡོདཔ།

༦/༢/༢༠༡༣   ༉ ད་ལས་ཕར་ དབང་འདུས་ཕོ་བྲང་དང་ རྩི་རང་བར་ནའི་ གཞུང་ལམ་བརྒྱུད་དེ་ རྒྱུན་འགྲུལ་འབད་མི་ཚུ་གིས་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་དགོ་ནི་ཨིནམ་ད་ དེ་ཡང་ གཞུང་ལམ་བདའ་སྟེ་ དོང་ཐོན་མི་ཚུ་ག་ར་ རྩི་གནག་བཏང་ཐོག་ལས་ ཉམས་བཅོས་འབད་དེ་ ལེགས་ཤོམ་བཟོ་ནི་དེ་གིས་ཨིན་པས།
དབང་འདུས་ཕོ་བྲང་དང་ རྩི་རང་བར་ནའི་གཞུང་ལམ་ཉམས་བཅོས་འབད་མིའི་མཐོང་སྣང་།


འདས་པའི་ལོ་༣ དེ་ཅིག་གི་རིང་ གཞུང་ལམ་དེ་གི་གནས་སྟངས་ སྐྱོ་དྲགས་ཅིག་ལུ་གྱུར་ཡོད་མི་དེ་ཡང་ དབང་འདུས་ཕོ་བྲང་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ལཱ་ འགོ་བཙུགས་མི་ལུ་བརྟེན་ཏེ་ཨིན་པས།
ལས་འགུལ་གྱི་ བཟོ་སྐྲུན་ལཱ་ཚུ་གི་དོན་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཆེ་བ་ཚུ་ ཉིན་བསྟར་བཞིན་དུ་ རྒྱུན་འགྲུལ་འབད་མི་དང་ ལས་འགུལ་ལུ་བརྟེན་པའི་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ཏེ་ཨིན་པས།
དབང་འདུས་ཕོ་བྲང་དང་ རྩི་རང་བར་ནའི་ གཞུང་ལམ་ཁར་ དམིགས་བསལ་དུ་ དབང་འདུས་ཟམ་དང་ པིན་ས་བར་ན་ ཉམས་སྐྱོན་སྦོམ་ཤོར་མི་དེ་ གཙོ་བོ་ར་ གློག་མེ་ལས་འགུལ་གྱི་ལཱ་འབད་སའི་ ས་ཁོངས་ངོ་མ་ དེ་ནང་ཨིནམ་ལས་བརྟེན་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ འཁོར་ལམ་གྱི་གནས་སྟངས་དེ་ ལེགས་ཤོམ་མེད་རུང་ ན་ཧིང་ ཉམས་བཅོས་འབད་ནི་དེ་གིས་ ལེགས་ཤོམ་བཟོ་ཡོདཔ་ཨིན་པས།
གཞུང་ལམ་ཉམས་བཅོས་མ་འབད་བའི་ཧེ་མར་ དབང་འདུས་ཟམ་ལས་ ཀི་ལོ་མི་ཊར་༤༠ ལྷགཔ་ཅིག་ལུ་ རྐ་མེད་ཆུ་ཚུན་ སྣུམ་འཁོར་ནང་འགྱོ་བའི་སྐབས་ དུས་ཡུན་ཉུང་ཤོས་ ཆུ་ཚོད་ཕྱེད་དང་གཉིས་དེ་ཅིག་དགོ་མི་དེ་ ད་རེས་ ཆུ་ཚོད་༡ ཡང་ མི་དགོ་དོ་ཡོདཔ་ཨིན་པས།
དེད་གཡོགཔ་བསམ་གཏན་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་ལམ་ཧོག་ག་ཐོན་པའི་སྐབས་ ལམ་འགྲུལ་འབདཝ་ད་ དུས་ཡུན་ལེ་ཤ་འགོར་བའི་ཁར་ སྣུམ་འཁོར་ཡང་ མེདཔ་ཐལ་དོ་ཡོདཔ་ཨིན་རུང་ ད་རེས་ འཁོར་ལམ་ཉམས་བཅོས་འབད་ཚར་ནི་དེ་གིས་ དེ་བཟུམ་གྱི་ དཀའ་ངལ་ཚུ་ མི་འཐོན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་འཛིན་ཅིག་ནང་ལཱ་འབད་མི་ འཇིགས་མེད་ཚེ་རིང་གིས་འབད་བ་ཅིན་ ཧེ་མ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ས་ཁོངས་ནང་ལྷོདཔ་ད་ སྣུམ་འཁོར་ག་ར་ ཐལཝ་གིས་གང་ནི་ཡོད་རུང་ ད་རེས་ རྩི་གནག་བཏང་སྟེ་ ལེགས་ཤོམ་བཟོ་ནི་དེ་གིས་ཐལཝ་མི་མཐོང་པས་ཟེར་ཨིན་པས།
ཉམས་བཅོས་ཀྱི་ལཱ་དེ་ ཞབས་ཏོག་ལྷན་ཁག་གི་ ལམ་སེལ་ལས་ཁུངས་ཀྱིས་འབད་ཡོདཔ་ད་ ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཇི་ཨེམ་ རཱའེ་གིས་ སླབ་མིའི་ནང་ དབང་འདུས་དང་ རྩི་རང་གི་གཞུང་ལམ་ ཀི་ལོ་མི་ཊར་༧༣ རྩི་གནག་བཏང་ཐོག་ལས་ ཉམས་བཅོས་འབད་ཚར་ཡོདཔ་ལས་ ལྷག་ལུས་ སྦས་ཆུ་དང་ རྐ་མེད་ཆུ་གི་བར་ན་ ཀི་ལོ་མི་ཊར་༥ དེ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འཁོར་ལམ་ཉམས་བཅོས་ཀྱི་ལཱ་དེ་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༣༤༠ གི་ཐོག་ལས་ འབད་ཡོདཔ་ད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ཡང་ མ་དངུལ་གྱི་གྲོགས་རམ་འབད་ཡི་ཟེར་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ལས་ མགྲིན་ཚབ་ཅིག་གིས་ སླབ་མིའི་ནང་ ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་དང་ ཐིམ་ཕུ་གི་ གཞུང་ལམ་ཉམས་བཅོས་ཀྱི་ལཱ་ཡང་ འབད་བའི་བསྒང་ཡོདཔ་བཞིན་དུ་ ད་ལྟོ་ རྡོ་སྐྱོང་ལ་དང་ བླམ་དཔལ་རིའི་བར་ན་ ཀི་ལོ་མི་ཊར་༥ དེ་ཅིག་ རྩི་གནག་བཏང་ཚར་ཡོདཔ་ཨིན་པས། 
ཇི་ཨེམ་ རཱའེ་གིས་འབད་བ་ཅིན་ ལམ་ཉམས་བཅོས་ལཱ་གི་དོན་ལུ་ མ་དངུལ་མེདཔ་ལས་ ལཱ་གི་གྲུབ་འབྲས་ལུ་ གནོདཔ་མས་ཟེར་ཨིནམ་ད་ གཞུང་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ལས་ མ་དངུལ་གྲོགས་རམ་འཚོལ་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment