གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཚད་ལོག་སྤྱོད་ཐོག་ ས་ཆ་བགོ་བཀྲམ།

༡/༢/༢༠༡༣   ༉ ཁ་ཙ་ མོང་སྒར་རྫོང་ཁག་གི་ ཁྲིམས་འདུན་ལུ་ ནང་སྲིན་བློན་པོ་ མི་འགྱུར་རྡོ་རྗེ་གི་ བརྒལ་ལན་སྙན་གསན་ཐེངས་༣ པ་  མཛད་པའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ ཉེས་དོགས་པའི་ཧོངས་ལས་ དོན་ཁུངས་མེད་པའི་ ཡང་བསྐྱར་གྱི་ཞུ་བ་ཚུ་ ཕུལ་ནི་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ དབང་ཚད་ཟེར་མི་དེ་ གཞུང་གིས་གནང་མི་ དབང་ཚད་ལུ་གོ་ནི་ཨིནམ་ལས་ དབང་ཚད་དེ་ ཁྲིམས་མཐུན་ལག་ལེན་མ་འཐབ་པར་ ལོག་སྤྱོད་འབད་བ་ཅིན་ གཞུང་གིས་གནང་མི་ དབང་ཚད་ལས་འགལཝ་ཨིན་ཟེར་ཨིན་པས།



ས་ཆ་བགོ་བཀྲམ་འབད་ནིའི་ དབང་ཚད་དེ་ སྤྱི་ལོ་༡༩༨༧ གྱི་ བཀའ་རྒྱ་དང་འཁྲིལ་ལག་ལེན་འཐབ་དགོཔ་མ་ཚད་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་དང་ ཞབས་ཏོག་ལྷན་ཁག་ལས་གནང་མི་ ལམ་སྟོན་ཡི་གུ་ཚུ་དང་འཁྲིལ་ དབང་ཚད་སྤྱོད་དགོ་ཟེར་ཨིནམ་ད་ ཨིན་རུང་ བློན་པོ་མི་འགྱུར་རྡོ་རྗེ་གིས་ གཞུང་ལས་གནང་མི་ བཀའ་རྒྱ་དང་མ་འཁྲིལ་བར་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ སྤྲོད་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༥ ཟླ་༨ པའི་ཚེས་༣༡ ལུ་ ཞལ་འཛོམས་ཀྱི་གྲོས་ཆོད་ནང་ བློན་པོ་གིས་ གྲྭ་ཚང་༢ པོ་དེ་ རྒྱལ་ཁབ་ནང་ ཆོས་སྡེའི་གཙུག་སྡེ་ཅིག་ཨིན་རུང་ གཞུང་ལས་ ལྟོ་ཕོགས་སོགས་ ག་ནི་ཡང་མེདཔ་ལས་ ནང་པའི་ཆོས་དར་ཁྱབ་དང་ ཡུན་བརྟན་གནས་ཐབས་ལུ་ ས་ཆ་སྤྲོད་ཅི་ཟེར་ བཀོད་དེ་ཡོདཔ་ད་ དེ་ལུ་ལྟ་བ་ཅིན་ སྐྱིད་སྡུག་བཟུམ་ཅིག་སྦེ་ གནང་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སའི་སྐྱིད་སྡུག་གནང་མི་དེ་ མངའ་བདག་རྒྱལཔོ་མ་གཏོགས་ གཞན་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ འཕྲིན་ལས་རྡོ་རྗེ་གི་གནས་ཚང་ ཀུན་བཟང་སྒྲོལ་མ་ལུ་ ས་སྤྲོད་མི་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ རྒྱལ་པོའི་ཞིང་ལུ་ བྱོན་པའི་སྐབས་ལུ་ བཅའ་སྒྲིག་རྐྱབ་ནི་ལུ་ ཆ་རོགས་འབད་ཡོདཔ་ལས་ དེ་གི་དགའ་ཚོར་ལུ་ ས་སྤྲོད་ནུག་ཟེར་ཨིནམ་ད་ མ་གཞི་ བཅའ་སྒྲིག་ནང་ ཆ་རོགས་འབད་མི་དེ་ འཕྲིན་ལས་རྡོ་རྗེ་ཁོ་ར་ཨིན་རུང་ ཨམ་སྲུ་ལུ་ སྤྲོད་དགོ་པའི་གནད་དོན་ ག་ཅི་ཨིན་ན་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དགའ་ཚོར་བསྐྱེད་ནིའི་དོན་ལས་ སྒེར་པ་རེ་ལུ་ ས་ཆ་གནང་ནི་དེ་ དབང་ཚད་མེད་པའི་ དབང་ཚད་སྤྱོད་ནུག་ཟེར་ཨིནམ་ད་ ས་ཆའི་སྐྱིད་སྡུག་དེ་ མི་དབང་མངའ་ཞབས་མ་གཏོགས་ གཞན་གྱིས་ གནང་ཐབས་མེད་ཟེར་ཨིན་པས།
སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་ལས་གནང་མི་ ཡི་གུ་ནང་ ཁྲོམ་ས་བགོ་བཀྲམ་དེ་ དང་པ་ར་ ས་གནས་དེ་ཁར་ ཁྲིམས་མཐུན་ལག་ཁྱེར་འཆང་སྟེ་ ཚོང་རྐྱབ་སྡོད་མི་ཚུ་ལུ་རྐྱངམ་གཅིག་ སྤྲོད་དགོ་ཟེར་ཡོདཔ་ད་ ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ དང་པ་ར་ མི་གཞན་ལུ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ད་ལྟོ་ཚུན་ ཞུ་ཡིག་བཙུགས་མི་༡༥༢ ཀྱིས་ས་ཐོབ་མ་ཚུགས་པར་ཡོད་མི་དེ་ཡང་ འབྲས་སྤུངས་དང་ མོང་སྒར་གྱི་ མི་སེར་ཚུ་ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༡༩༨༧ གྱི་ བཀའ་རྒྱ་ནང་ཡང་ གཞུང་གིས་ ལམ་སྟོན་ཚུ་ གསལ་རི་རི་སྦེ་ བཀོད་དེ་ཡོདཔ་ལས་ དབང་ཚད་དེ་ཡང་ བཀའ་རྒྱའི་ལམ་སྟོན་ཚུ་དང་འཁྲིལ་ ཁྲིམས་མཐུན་སྤྱོད་དགོཔ་ཨིན་རུང་ བློན་པོ་གིས་ རང་ཕྱོགས་དགའ་བ་དང་ གཞན་ཕྱོགས་སྡང་བའི་རྣམ་གཞག་ཐོག་ལས་ ཁྲོམ་ས་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ཉེས་དོགས་པ་གིས་ འབྲས་སྤུངས་ཀྱི་ མི་སེར་ཚུ་ རྒྱལ་པོའི་ཞིང་ལུ་སྡོད་མིའི་གྲས་ཁར་ མི་ཚུད་ཟེར་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལན་གསལ་ཞུ་མིའི་ནང་ འབྲས་སྤུངས་ཀྱི་ མི་སེར་ཚུ་གི་ ས་ཞིང་དང་ཁྱིམ་ཚུ་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱིས་ འབག་ཡོདཔ་ལས་ ཁོང་ཆ་ཁྱབ་ ས་གནས་ཀྱི་མི་སེར་སྦེ་ མ་ཚུད་པ་ཅིན་ གཡང་རྩེ་ལས་ཨིན་མི་ ཀུན་བཟང་སྒྲོལ་མ་དང་ མཁར་ཆུ་གྲྭ་ཚང་དེ་ལས་ དགྲ་མེད་རྩེ་གྲྭ་ཚང་ཚུ་ ས་གནས་ཀྱི་མི་སེར་ཨིན་ཟེར་ བཀོད་ཡོད་མི་དེ་ ཁུངས་མེད་པའི་ཞུ་བ་ཨིན་མས་ཟེར་ཨིན་པས།
མི་དབང་མཆོག་གི་བཀའ་རྒྱ་དང་ ཞབས་ཏོག་ལྷན་ཁག་གི་ཡི་གུ་ དེ་ལས་ རྫོང་སྡེ་སྤྱི་ཁྱབ་ཀྱི་ཡི་གུ་ཚུ་ ཁྲིམས་མཐུན་ཕྱག་ལཱ་གནང་དགོ་པའི་ ལམ་སྟོན་བཀའ་རྒྱ་ཨིནམ་ལས་ ལམ་སྟོན་ཚུ་དང་མ་འཁྲིལ་བར་ ལཱ་འབད་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པ་དང་ འཁྲིལ་དགོ་ཟེར་ཨིནམ་ད་ འདས་པའི་ལོ་ནང་ བསམ་རྩེ་ས་གཏེར་རྩོད་རྙོགས་ཐོན་མི་དང་ ཆ་འདྲ་བས་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ གྲྭ་ཚང་༢ དང་ ཀུན་བཟང་སྒྲོལ་མ་ལུ་ ས་ཆའི་སྐྱིད་སྡུག་གནང་ནི་གི་ དབང་ཚད་མེད་རུང་ ཡོད་བཟུམ་སྦེ་ སྤྲོད་ཡོདཔ་ལས་བརྟེན་ ས་ཆ་དེ་ གཞུང་བཞེས་མཛད་དགོཔ་མ་ཚད་ ཉེས་དོགས་པ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པའི་ ཉེས་འཛུགས་ཕོག་ཟེར་ཨིན་པས།
ཨིན་རུང་ བློན་པོའི་རྒྱབ་མི་གིས་ ཞུ་མིའི་ནང་ བློན་པོ་གིས་ གཞུང་ཞབས་ལས་གནང་མི་ བཀའ་རྒྱ་ལས་འགལ་བའི་ ལཱ་མ་འབདཝ་མ་ཚད་ སྐྱིད་སྡུག་གི་ས་ཆ་ཨིན་པ་ཅིན་ མི་དབང་མངའ་ཞབས་མཆོག་གིས་ ས་རིན་ཕུལ་མ་དགོཔ་སྦེ་ གནང་ནི་ཡོད་རུང་ རྒྱལ་པོའི་ཞིང་གི་ས་ཆ་དེ་ སྐྱིད་སྡུག་གི་ ས་ཆ་མེནམ་ལས་ མི་སེར་ཚུ་ལུ་ ས་རིན་དང་ ས་ཚབ་ དེ་ལས་ ས་ཆ་ཐོབ་མི་ཚུ་གིས་ཡང་ གཞུང་ལུ་ ས་རིན་ཚུ་ ཕུལ་ནུག་ཟེར་ཨིནམ་ད་ ཁྲིམས་འགལ་གྱི་ ལཱ་འབད་འབདཝ་མེདཔ་ལས་ འབྲུག་གི་ཉེས་འགལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པ་དེ་ རྩ་ལས་ཕོག་དགོཔ་མེད་ཟེར་ཨིན་པས།
དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ སྤྱི་ལོ་༡༩༨༩ ལས་༢༠༠༢ ཚུན་ རྒྱལ་པོའི་ཞིང་ལུ་ ས་ཆའི་ཞུ་ཡིག་ཕུལ་མི་༡༥༢ ཀྱིས་ ད་ལྟོའི་བར་ན་ཡང་ ས་ཆ་འཐོབ་མ་ཚུགས་པར་ ལུས་ནུག་ཟེར་བཀོད་མི་ལུ་ རྒྱབ་མི་གིས་འབད་བ་ཅིན་ ཞུ་ཡིག་ག་ཅི་ར་ཨིན་རུང་ ཟླ་ཚེས་ཚུ་ རྫོགས་ནི་ཡོདཔ་ལས་ བློན་པོའི་ཧེ་མར་ ས་ཆ་ཐེངས་༣ དེ་རེ་ བགོ་བཀྲམ་འབད་ཚར་ཡོདཔ་ལས་ ཞུ་ཡིག་ཚུ་ཡང་ བགོ་བཀྲམ་འབད་བའི་ཚེས་གྲངས་ལས་ དོན་སྟོང་ཨིནམ་ལས་ ཞུ་ཡིག་ཐེངས་དང་པ་བཙུགས་མི་དེ་ བགོ་བཀྲམ་༢ པའི་སྐབས་ལུ་ ཆ་མེད་དང་༢ པ་དེ་༣ པའི་སྐབས་ལུ་ རང་བཞིན་གྱིས་ ཆ་མེད་འགྱོ་ནི་ཨིནམ་ལས་ ས་ཆ་མ་འཐོབ་པའི་ ཁུངས་བཀལ་མི་དེ་ ར་ཁུངས་ཅིག་ མིན་འདུག་ཟེར་ཨིན་པས།
དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ མི་སེར་ཚུ་གིས་ དོན་ཆེད་ར་ ཞུ་ཡིག་བཙུགས་མི་དེ་ ས་ཆ་འཐོབ་ནིའི་དོན་ལུ་ ཨིནམ་ལས་ མི་སེར་ཚུ་གིས་ ཤེས་ར་མ་ཤེས་པར་ ས་ཆ་བགོ་བཀྲམ་འབད་དེ་ ཞུ་ཡིག་གི་ ཟླ་ཚེས་རྫོགས་ནུག་ཟེར་ སླབ་མི་དེ་ལུ་ རྩ་ལས་ར་ མི་བཏུབ་ཟེར་ཨིན་པས།
ལ་ལུ་ཅིག་གིས་ ཞུ་ཡིག་མ་བཙུགས་རུང་ ས་ཆ་ཐོབ་ཡོདཔ་ད་ མི་སེར་ལ་ལུ་ ཧེ་མ་ལས་ གཞུང་གི་ལམ་ལུགས་དང་འཁྲིལ་ ཞུ་ཡིག་བཙུགས་རུང་ ཁྲི་འཛིན་གྱིས་ ཁྲིམས་དང་ལམ་ལུགས་ཚུ་ རྒྱབ་སྐྱུར་བཞག་མི་དེ་ རྩ་ལས་ར་ མ་བཏུབ་པའི་ཁར་ འབྲུག་ཁྱིམ་བཟོ་གོང་འཕེལ་ལས་ ཐིམ་ཕུ་ལུ་ ཁྱིམ་འཐོབ་ནིའི་དོན་ལུ་ ཧེ་མ་ག་གིས་ ཞུ་ཡིག་བཙུགས་ཅི་ག་ དེ་དང་འཁྲིལ་ཏེ་ ཁྱིམ་སྤྲོད་ནི་ཡོད་ཟེར་ཨིན་པས།
དེ་མེན་ ཞུ་ཡིག་ཚུ་ ལོག་ཅི་ར་ བཙུགས་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ རྒྱལ་པོའི་ཞིང་གི་ གནད་དོན་དེ་ རྩ་ལས་མི་འདྲ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment