གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ རྫོང་བདག་ཚུ་གིས་ འགན་ཁུར་ཐེབས་འབག་སྟེ་ ལཱ་འབད་དགོཔ།

༥/༢/༢༠༡༣   ༉ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་ འགོ་དང་པའི་གནས་ཡུན་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་མ་ཚད་ ལོ་ལྔའི་འཆར་གཞི་༡༠ པ་ཡང་ རྫོགས་རན་མི་ལུ་བརྟེན་ ད་ལས་ཕར་ རྫོང་བདག་ཚུ་གིས་ འགན་ཁུར་ཐེབས་འབག་སྟེ་ ལཱ་འབད་དགོཔ་ཡོད་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁ་ཙ་ ཐིམ་ཕུ་ལྷན་འཛོམས་ལྟེ་བའི་ནང་ ལོ་བསྟར་རྫོང་བདག་གི་ ཞལ་འཛོམས་ཐེངས་༢༠ པ་ འཚོགས་པའི་སྐབས་ལུ་ གསུངས་གནང་ཡི།

ལོ་བསྟར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ རྫོང་བདག་ཚུ།

བློན་ཆེན་གྱིས་ གསུངས་མི་དང་འཁྲིལཝ་ད་ ལོ་ལྔའི་འཆར་གཞི་༡༠ པ་ མཇུག་བསྡུ་ནིའི་དོན་ལུ་ ཟླཝ་༤ དེ་ཅིག་ལས་མེདཔ་བཞིན་དུ་ འཆར་གཞི་༡༡ པ་དེ་ ག་དེ་མགྱོགས་མགྱོགས་ ཆ་འཇོག་འགྲུབ་ཞིནམ་ལས་ དམངས་གཙོའི་གཞུང་གསརཔ་ འགོ་བཙུགས་པའི་བསྒང་ལས་ ལཱ་ཚུ་ མགྱོགས་དྲགས་སྦེ་ འགོ་བཙུགས་ཚུགས་ནི་མས་ཟེར་ཨིན་པས།
ལོ་ལྔའི་འཆར་གཞི་༡༡ པ་དེ་ གཞུང་གསར་པའི་ འགན་ཁུར་ཨིནམ་ལས་ ད་ལྟོ་ འཆར་གཞི་༡༡ པའི་དོན་ལུ་ ཟིན་བྲིས་བཀོད་དེ་འབད་རུང་ ཤུལ་ལས་ སྲིད་དོན་ཚོགས་པའི་འཐུས་མི་ཚུ་གི་ ཁས་བླངས་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ འཆར་གཞི་རེ་འཐོན་པ་ཅིན་ ཟིན་བྲིས་ནང་བཀོད་མི་ འཆར་གཞི་ཚུ་ བསྒྱུར་བཅོས་འབད་ནིའི་ དབང་ཚད་ཧྲིལ་བུམ་ གཞུང་གསརཔ་ལུ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྫོང་བདག་ཚུ་གིས་འབད་རུང་ ཡར་རྒྱས་མ་འགྱོ་མི་ གྲོང་གསེབ་གཡུས་ཚན་ཚུ་ལུ་ གཙོ་བོར་བཏོན་དགོཔ་ཁག་ཆེ་ཟེར་གསུངས་ཡི།
དེ་མ་ཚད་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ ཡོད་མིའི་གྲས་ལས་ ལ་ལུ་ཅིག་ནང་ ཡར་དྲག་སྦོམ་གཏང་ནི་དང་ ལ་ལུ་ཅིག་ སྣང་མེད་བཞག་ནི་མེན་པར་ གོང་འཕེལ་གྱི་འཆར་གཞི་ཚུ་ འདྲ་མཉམ་ཐོག་ལས་སྤྲོད་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཀྱི་དོན་ལུ་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ སྟབས་མ་བདེཝ་ག་ཅི་ཡང་ མ་ཐོན་པར་ ལེགས་ཤོམ་སོང་ཡོདཔ་ལས་ ཤུལ་མའི་བཙག་འཐུ་དེ་ སྔར་བ་ལྷགཔ་སྦེ་ འགོ་འདྲེན་འཐབ་དགོཔ་ལས་བརྟེན་ རྫོང་བདག་ཚུ་གིས་ འགན་ཁུར་གང་དྲག་འབག་སྟེ་ སྲིད་ཚོགས་ཀྱི་ འཐུས་མི་ཚུ་གིས་ མི་སེར་ཚུ་ བརྡབ་གསིག་རྐྱབ་བཅུག་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
མ་གཞི་ སྤྱི་ལོ་༢༠༠༨ ལུ་ རྫོང་བདག་ལ་ལུ་ཅིག་གིས་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བའི་ལོ་རྒྱུས་ཚུ་ གོ་ཡི་ཟེར་ཨིནམ་ད་ ཤུལ་མའི་ སྤྱི་ཚོགས་ཀྱི་ བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༥ དེ་ཅིག་ འོང་ནི་ཨིནམ་ལས་ ད་ལས་ཕར་འབད་རུང་ རྫོང་བདག་ཚུ་གིས་ ཕྱོགས་ལྷུང་ཚུ་ འབད་ནི་མི་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།
རྫོང་བདག་ཚུ་གིས་ ཧེ་མ་ སྤྱི་ཚོགས་ཀྱི་བཙག་འཐུ་དང་ ས་གནས་གཞུང་གི་ བཙག་འཐུའི་ཉམས་མྱོང་ཚུ་ལུ་ གཞི་བཞག་སྟེ་ ཟད་འགྲོ་འཕྲོ་བརླག་ཚུ་ ག་དེ་སྦེ་ འགྱོ་དོ་ཡོདཔ་ཨིན་ནའི་ བསམ་འཆར་ཚུ་ཡང་ ནང་སྲིད་ལྷན་ཁག་དང་ འབྲུག་གི་ བཙག་འཐུ་ལྷན་ཚོགས་ལུ་ བཤད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གྲོང་གསེབ་གཡུས་ཚན་ཚུ་ནང་ དཀའ་ངལ་ཆེ་ཤོས་ར་ འཐུང་ཆུ་དང་ ཞིང་ཆུ་མ་ལང་པའི་དཀའ་ངལ་དང་ སྣུམ་འཁོར་ལམ་གྱི་དཀའ་ངལ་ ས་ཆའི་རྩོད་རྙོགས་ དེ་ལས་ མི་སེར་གྱི་ཞབས་ཏོག་ཇི་ཊུ་སི་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་ནི་ཚུ་ཨིནམ་ལས་ རྫོང་བདག་ཚུ་གིས་ དབྱེ་བ་དཔྱད་དེ་ བལྟ་དགོཔ་གལ་ཆེ་ཟེར་ཨིན་པས།
རྩི་རང་རྫོང་བདག་ ངག་དབང་དཔལམོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ མོ་ར་ རྫོང་བདག་འབད་དེ་ ཟླཝ་༥ དེ་ཅིག་ལས་ མ་ལང་ནི་དེ་གིས་ ཉམས་མྱོང་གངམ་ མ་ཐོབ་སྟེ་འབད་རུང་ གོམས་འདྲིས་ལྟ་སྐོར་ནང་འགྱོ་བའི་སྐབས་ མི་སེར་ཚུ་ལུ་ ངེས་ཏིག་དགོ་མི་དེ་ར་ སོ་ནམ་ཞིང་ལམ་ཚུ་ ཨིན་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་ལྷོད་པ་ཅིན་ གོང་འཕེལ་གྱི་ལཱ་དང་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་ནི་མས་ཟེར་ཨིན་པས།
ས་མཚམས་རྫོང་ཁག་ཚུ་ནང་ སྟབས་མ་བདེཝ་ དུམ་གྲ་རེ་ ཐོན་དོ་ཡོདཔ་ལས་ དེ་ནང་ སྲུང་སྐྱོབ་སྒྲིང་སྒྲིང་བཟོ་ནི་དེ་ཡང་ རྫོང་བདག་ཚུ་ལུ་ འགན་ཁུར་ཕོགཔ་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
ནང་སྲིད་ལྷན་ཁག་གིས་འབད་རུང་ རྫོང་བདག་ཚུ་ལས་ བསམ་འཆར་ཚུ་ བསྡུ་ལེན་འབད་དེ་ མི་སེར་གྱི་ཉེན་སྲུང་ལུ་ གཙོ་བོར་བཏོན་དགོཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment