གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསེར་གྱི་གླེགས་བམ་ ཨར་རྐུན་འབད་བའི་ དོགས་ཅན་༩ དོ་དམ་འོག་ལུ་ཡོདཔ།

༦/༢/༢༠༡༣   མི་༡༠ འཛིན་བཟུང་འབད་མི་ལས་ ལྷ་ཁང་གི་ དཀོན་གཉེར་དེ་ ལོག་བཏང་ནུག།
༉ ཟླཝ་ཧེ་མའི་ནང་ གཞལམ་སྒང་ནང་སྐོར་རྒེད་འོག་ ཉ་མཁར་ལྷ་ཁང་ནང་ལས་ ཤོག་གྲངས་༣༣༠ འབད་མི་ བརྒྱད་སྟོང་པ་ གསེར་བྲིས་མ་པོ་ཏི་༡ ཨར་རྐུན་འབད་མིའི་ནང་ འབྲེལ་བ་ཅན་༡༠ འཛིན་བཟུང་འབད་ཡོད་མི་ལས་ ལྷ་ཁང་གི་ དཀོན་གཉེར་དེ་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་པས།


གཞལམ་སྒང་ལས་ ལོ་རྒྱུས་བཤད་མི་དང་འཁྲིལཝ་ད་ དཀོན་གཉེར་དེ་ ཨར་རྐུན་ནང་ འབྲེལ་གཏོགས་མེད་པའི་ཁར་ དོ་དམ་འོག་ལུ་ཡོད་མི་ དོགས་ཅན་གཞན་༩ གིས་ཡང་ ཉེས་མེད་ཀྱི་ངག་བརྗོད་ ཡིག་ཐོག་ལུ་ བྱིན་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ བཏང་ནུག་ཟེར་ཨིན་པས།
དཀོན་གཉེར་དེ་གིས་ སྤྱི་ཟླ་༡ པའི་ཚེས་༡༧ ལུ་ ལྕགས་སྒྲོམ་སྡེ་མིག་རྐྱབ་སྟེ་བཞག་མི་ གསེར་གྱི་གླེགས་བམ་དེ་ ལོ་བསྟར་ཚེས་བཅུའི་དོན་ལུ་ ལྷ་ཁང་དེ་ནང་འཛོམས་མི་ ཉ་མཁར་གྱི་ མི་སེར་ཚུ་ལུ་ མཇལ་ཁ་གནང་ནི་སྦེ་ སྒྲོམ་ཁ་ཕྱེ་བའི་སྐབས་ལུ་ བརླག་སྟོར་ཤོར་ཡོདཔ་ ཧ་གོ་ནུག་ཟེར་ཨིན་པས།
ཨར་རྐུན་ཤོར་ཏེ་ ཉིནམ་༢ ཀྱི་རྒྱབ་ལས་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུ་རམ་ཏོག་ཏོ་ལས་ སྐྱེས་ལོ་༣༤ ལང་མི་དང་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་གཉིས་  གསེར་གྱི་བརྒྱད་སྟོང་པ་དང་སྦྲགས་ འཛིན་བཟུང་འབད་བའི་ཁར་ ཕོ་སྐྱེས་གཞན་༢ གསེར་བྲིས་མ་པོ་ཏི་བཙོང་ནིའི་དོན་ལུ་ སྣུམ་འཁོར་སུ་ཡིཕཊ་ ཌི་ཛར་ཅིག་ནང་ འགྲུལ་བསྐྱོད་འབད་བའི་བསྒང་ཨིན་པས།
ཁོང་ཆ་ཁྱབ་ འཛིན་བཟུང་འབད་བའི་ཤུལ་ལུ་ ཉེས་ལས་འཐབ་མི་ མཉམ་རོགས་གཞན་ཚུ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ལོ་རྒྱུས་དང་འཁྲིལཝ་ད་ ཕོ་སྐྱེས་༨ དང་ ཨམ་སྲུ་༡ ཡོད་མི་ སྡེ་ཚན་དེ་གིས་ ལོ་༡ གི་ཧེ་མར་ གསེར་གྱི་གླེགས་བམ་ཨར་རྐུན་འབད་ནི་གི་ འཆར་གཞི་བརྩམས་ནུག་ཟེར་ཨིནམ་ད་ ཨམ་སྲུ་དེ་ ཨར་རྐུན་འབད་མི་ དོགས་པ་ཅན་གྱི་ གནས་ཚང་ཨིན་པས།
ཀུན་གསལ་གྱིས་ ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་ལས་ མི་ཊར་དག་པ་ཅིག་གི་ས་ཁར་སྡོད་མི་ གཡུས་ཁའི་མཚམས་པ་དང་ ཁག་འབགཔ་༡ རྒྱབ་མི་༡ འབདཝ་ད་ ཁོང་གསུམ་གྱིས་ གསེར་གྱི་གླེགས་བམ་ཨར་རྐུན་འབད་ཞིནམ་ལས་ ཡེ་སྦིས་ལབ་རྩ་སྨན་ཁང་གི་དྲུང་འཚོ་དང་ ཁོ་གི་གནས་ཚང་ དེ་ལས་ ཚོང་པ་༢ དང་ སོ་ནམ་ཞིང་པ་ཅིག་གིས་ བརྒྱད་སྟོང་པ་དེ་ བུམ་ཐང་ལུ་ འབག་སོང་བའི་ཤུལ་ལུ་ ཐིམ་ཕུ་ལུ་ འབག་སོང་ཡོདཔ་སྦེ་ ཁ་ཉེས་བཀལཝ་ཨིན་པས།
ད་རུང་ ཁ་ཉེས་ཀྱི་ ལོ་རྒྱུས་དང་འཁྲིལཝ་ད་ མཚམས་པ་དང་ ཁག་འབགཔ་ རྒྱབ་མི་༣ གྱིས་ ནུམ་ཕྱེད་ལུ་ བརྒྱད་སྟོང་པ་གསེར་བྲིས་མ་དེ་ ཨར་རྐུན་འབད་དེ་ འཁོར་ལམ་ཡོད་སར་ ཚལ་གདངས་ཟམ་པ་ཚུན་ འབག་བསྐྱལ་བའི་སྐབས་ དྲུང་འཚོ་དང་ ཁོ་གི་གནས་ཚང་དེ་ ཁོང་གི་ སྣུམ་འཁོར་ནང་ བསྒུག་སྡོད་ནུག་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ འཁོར་ལམ་ཁར་ དྲོ་པའི་ཆུ་ཚོད་༣ ལུ་ ལྷོད་ཡོདཔ་ཨིན་པས།
དེ་ལས་ ཁོང་གིས་ གླེགས་བམ་དེ་ དྲུང་འཚོའི་ཁྱིམ་ནང་ བསྐྱལ་བའི་ཤུལ་ལས་ བུམ་ཐང་ལུ་ འབག་སོང་ཡོདཔ་ད་ བུམ་ཐང་ལས་ བུམ་ཐངཔ་༢ ཀྱིས་ བཙོང་པར་ ཐིམ་ཕུ་ལུ་ འབག་འོང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐིམ་ཕུ་ལུ་ ཁོང་༢ ཀྱིས་ གསེར་གྱི་གླེགས་བམ་གྱི་གོང་ཚད་ དངུལ་ཀྲམ་ས་ཡ་༤༠ རྐྱབ་མི་ལུ་ ཉོ་མི་ཚུ་གིས་ དངུལ་ཀྲམ་ས་ཡ་༧ དང་༨ ཀྱི་བར་ན་རྐྱངམ་གཅིག་ སྤྲོད་ཚུགས་འོང་ཟེར་ སླབ་མི་ལུ་བརྟེན་ མ་བཙོང་པར་ ལོག་འབག་འགྱོ་བའི་ལམ་ཁར་ དབང་འདུས་ཕོ་བྲང་ལུ་ལྷོདཔ་ད་ ཉོ་མི་ཚུ་གིས་ དངུལ་ཀྲམ་ས་ཡ་༡༠ སྤྲོད་འོང་ཟེར་ བརྒྱུད་འཕྲིན་བཏང་ཡོདཔ་ཨིན་པས།
དེམ་ཅིག་གི་བར་ན་ ཁྲིམས་སྲུང་འགག་པ་ལུ་ གསང་བའི་སྙན་ཞུ་ཐོབ་སྟེ་ ཕོ་སྐྱེས་གཉིས་ གསེར་གྱི་གླེགས་བམ་དང་སྦྲགས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གཞལམ་སྒང་ལས་ ལོ་རྒྱུས་བཤད་མི་ཚུ་གིས་འབད་བ་ཅིན་ གཡུས་ཁའི་མཚམས་པ་གིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་ནང་ ཁག་འབགཔ་དེ་གིས་ ཆོས་པོ་ཏི་ཨརཝ་བརྐུ་སྟེ་ བཙོང་ནི་ཨིན་པའི་སྐོར་ ལོག་ཅི་ར་ སླབ་མི་ལུ་བརྟེན་ ཁོ་གིས་ ཨར་རྐུན་འབད་ཡི་ཟེར་ བཀོད་ཡོད་རུང་ ད་ལྟོ་ དོ་དམ་འོག་ལུ་བཞག་མི་ ཆ་མཉམ་གྱིས་ར་ འབྲེལ་གཏོགས་འདྲན་འདྲ་འབད་བའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
ད་ལྟོ་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ཡོད་མི་ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཞིབ་དཔྱད་རྐྱབ་ཚར་བའི་ཤུལ་ལུ་ ཉེས་བཤེར་གྱི་དོན་ལུ་ རྩོད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ རྩིས་སྤྲོད་འོང་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment