གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་ལུ་ ཁྲིམས་སྲུང་འགག་སྡེའི་ ས་ཚིགས་འགེགས་སྲུང་བཟོ་སྐྲུན་འགོ་བཙུགས།

༤/༢/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ འབྲུག་དང་ རྒྱ་གར་གྱི་བར་ན་ ས་མཚམས་བདའ་སྟེ་ ཉེན་སྲུང་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ཟུང་ཕྱོགས་ཀྱི་ གསུང་གྲོས་ཚུ་ གནང་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་སྡེ་གིས་ གསར་སྤང་ཁྲོམ་གྱི་འོག་ལུ་ ས་ཚིགས་འགེགས་སྲུང་ཅིག་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་དང་ དགེ་ལེགས་ཕུག་གི་བར་ན་ འགྲོ་འགྲུལ་འབད་བའི་ལམ་ཁར་ གླ་འཁོར་དེད་གཡོགཔ་ བི་ནུ་ལཱལ་ སཱན་ཝར་དེ་ བཙན་ཁྲིད་འབད་སའི་ས་ཁོངས།


བཟོ་སྐྲུན་དེ་ཡང་ བདུན་ཕྲག་ཧེ་མའི་ནང་ ཁྲོམ་གྱི་འོག་ལུ་ མི་ཊར་༢༠༠ དེ་ཅིག་གི་ས་གནས་ ཧིན་དུ་ལྷ་ཁང་གི་ སྦོ་ལོགས་ཁར་ འགོ་བཙུགས་ཡོདཔ་མ་ཚད་ གསར་སྤང་ལུ་ ཁྲིམས་སྲུང་འགག་པའི་ མི་སྟོབས་ཡང་ ཡར་སེང་རྐྱབ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་༥ གིས་ ཉིན་བསྟར་བཞིན་དུ་ སྐོར་རྒྱབ་སྦེ་ གསར་སྤང་ཁྲོམ་ནང་ ཉེན་སྲུང་ལྟ་སྐོར་འབད་བའི་ མཐོང་གསལ་བྱུངམ་ཨིན་པས།
ཨིན་རུང་ ས་མཚམས་ཕྱི་ཁའི་ གཡིབ་དམག་ཚུ་གིས་ འདས་པའི་ཟླཝ་༣ གྱི་ནང་འཁོད་ལུ་ མི་༣ ཀྲོབ་མདའ་དཔག་ཐོག་ལས་ བཙན་ཁྲིད་འབད་སའི་ ས་ཁོངས་ནང་ སྡོད་མི་ཚུ་གིས་ དེ་བཟུམ་མའི་ རྐྱེན་ངན་དང་ ལཱ་ངན་ཚུ་ ག་དེ་སྦེ་དང་ ག་ཅི་སྦེ་ བྱུང་ཡོདཔ་ཨིན་ན་ཟེར་ ད་ལྟོའི་བར་ན་ཡང་ དྲི་བ་ཚུ་ བཀོད་བཞིན་དུ་ཡོདཔ་ཨིན་པས།
གསར་སྤང་དང་ དགེ་ལེགས་ཕུག་ལུ་སྡོད་མི་ ལེ་ཤ་ཅིག་གིས་ བཙན་ཁྲིད་ཀྱི་ བྱུང་རྐྱེན་ཡང་བསྐྱར་དུ་ བྱུང་མི་དེ་ ཉེན་སྲུང་སྒྲིང་སྒྲིང་མེད་པའི་ སྐྱོན་ལུ་བརྟེན་ཨིནམ་སྦེ་ ཁ་བཏང་དོ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཉེན་སྲུང་གི་ ཐབས་ལམ་ཚུ་ ཡར་སེང་རྐྱབ་དགོཔ་མ་ཚད་ ཉེན་སྲུང་ནང་ འཐུས་ཤོར་བྱུང་མི་ཚུ་ལུ་ འགན་འཁྲི་བཀལ་དགོ་ཟེར་ཨིན་པས།
འདི་བཟུམ་མའི་ བྱུང་རྐྱེན་ངན་ཚུ་ ནན་བསྐྱར་དུ་བྱུངམ་ད་ མི་ངན་ཚུ་གིས་ ང་བཅས་ཀྱི་ སྲུང་སྐྱོབ་ཐབས་ལམ་སྒྲིང་སྒྲིང་མེདཔ་ ཧ་གོ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ དགེ་ལེགས་ཕུག་ལུ་ ལཱ་འབད་མི་ ཞི་གཡོགཔ་སྐྱེས་ལོ་༤༣ ལང་མི་ཅིག་གིས་ བཤད་པའི་ཁར་ བྱུང་རྐྱེན་དེ་ཚུ་ལུ་ལྟཝ་ད་ གཞུང་གིས་ སྲུང་སྐྱོབ་ལུ་ ན་འཐན་ཐུགས་བཞེད་གནང་དགོ་པའི་ དུས་ཚོད་ལུ་ ལྷོད་ནུག་ཟེར་ སླབ་ཨིན་པས།
བཙན་ཁྲིད་ཐེངས་དང་པའི་ནང་ གླ་འཁོར་དེད་གཡོགཔ་ བི་ནུ་ལཱལ་ སཱན་ཝར་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་དང་ དགེ་ལེགས་ཕུག་གི་བར་ན་ འགྲོ་འགྲུལ་འབད་བའི་ལམ་ཁར་ ཁོ་རའི་གླ་འཁོར་ སེན་ཊོ་ནང་ལས་འཐེན་ཏེ་ འདྲུད་བདའ་ཁྱིད་མི་ཚུ་དང་གཅིག་ཁར་ གླ་འཁོར་དེད་གཡོགཔ་གཞན་མི་ཅིག་ཡང་ མཐོང་ཡི་ཟེར་ སླབ་ཨིན་པས།
ང་གིས་ དེད་གཡོགཔ་དེ་ ངོ་ཤེསཔ་མ་ཚད་ དེ་ཚེ་ཉིན་མར་ རྩི་རང་ལུ་ མཐོང་ཡི་ཟེར་ བི་ནུ་ལཱལ་ སཱན་ཝར་གྱིས་ བཤད་པའི་ཁར་ ང་ བཙན་ཁྲིད་འབདཝ་ད་ ཁོ་ཡང་ བཙན་ཁྲིདཔ་ཚུ་དང་གཅིག་ཁར་ཡོདཔ་ལས་ ང་བཙན་ཁྲིད་འབད་བའི་སྐོར་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་ཟེར་ སླབ་ཡོདཔ་ད་ ངེ་གི་རེ་བ་ལས་འབད་ཅིན་ དེད་གཡོགཔ་དེ་ཡང་ དྲི་དཔྱད་འབད་དེ་ ཁོ་གི་འགྲུལ་འཕྲིན་ཨང་ཚུ་ཡང་ ཞིབ་དཔྱད་རྐྱབ་དགོཔ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་འོག་མ་ ཕུརཔ་རྡོ་རྗོ་གིས་ སླབ་མིའི་ནང་ གླ་འཁོར་དེད་གཡོགཔ་དེ་ཡང་ བཙན་ཁྲིད་འབད་བའི་ ཉམས་རྒུདཔ་ཅིག་ཨིན་རུང་ བཙན་ཁྲིདཔ་ཚུ་གིས་ ཁོ་ར་ ལོག་བཏང་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཉམས་རྒུད་པ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བཙན་ཁྲིདཔ་ཚུ་ལུ་ ཁོ་ལུ་ གསོ་སྐྱོང་འཐབ་དགོཔ་བཟའ་ཚང་ཡོདཔ་ལས་ ལོག་བཏང་གནང་ཟེར་ ཞུ་བ་འབད་བའི་ཤུལ་ལུ་ བཏང་ཡོདཔ་སྦེ་ སླབ་དེས་ཟེར་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྤྱི་ཟླ་༡༡ པའི་ཚེས་༡༦ གི་ནུབ་མོར་ ཁྱིམ་ཚང་ཅིག་གི་ ཁྱིམ་ནང་ལས་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་མི་ཚུ་ཡང་ གླ་འཁོར་དེད་གཡོགཔ་བཙན་ཁྲིད་འབད་མི་ སྡེ་ཚན་དེ་ར་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
དེ་ལས་ ཟླཝ་ཧེ་མའི་ནང་ གསར་སྤང་ཁྲོམ་ལས་ བཙན་ཁྲིད་འབད་མི་ སྐྱེས་ལོ་༡༨ ལང་མི་ ཀི་རཱན་ ཆེ་ཏི་རི་གི་ ཉེ་ཚན་ཚུ་གིས་ ཁ་ཉེས་བཀལ་མིའི་ནང་ ཁོང་གིས་ བརྒྱུད་འཕྲིན་ཨང་༡༡༣ ཐོག་ལུ་ སྙན་ཞུ་འབདཝ་ད་ ཁྲིམས་སྲུང་འགག་པ་གིས་ ངོས་ལེན་འབད་མ་བཏུབ་པའི་སྐོར་ བརྡ་བརྒྱུད་ནང་ ཐོན་ཚར་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ ཁོང་ལུ་ བརྡབ་གསིག་བཏང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ སྙན་ཞུ་འབདཝ་ད་ བརྒྱུད་འཕྲིན་ཨང་གྲངས་༡༡༣ ལུ་བཏངམ་ད་ གསར་སྤང་ལུ་མིན་པར་ དགེ་ལེགས་ཕུག་ལུ་འགྱོཝ་ཨིནམ་སྦེ་ སླབ་དེས་ཟེར་ ཉེ་ཚན་ཅིག་གིས་ སླབ་ཨིན་པས།
དགེ་ལེགས་ཕུག་བཀྲིས་སེལ་གྱི་ ས་གནས་འཛིན་སྐྱོང་པ་ བསོད་ནམས་རིན་ཆེན་གྱིས་འབད་བ་ཅིན་ འགྲུལ་འཕྲིན་ཨང་༡༡༣ གྱི་ དཀའ་ངལ་སྐོར་ལས་ ཉོགས་བཤད་བཀོད་མི་ ག་ཡང་མ་ཐོན་པའི་ཁར་ གསར་སྤང་ལུ་ འདི་བཟུམ་མའི་ དཀའ་ངལ་ཡོདཔ་ ཧ་མ་གོ་ཟེར་ཨིན་པས།
གསར་སྤང་དང་ དགེ་ལེགས་ཕུག་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ བཀྲིས་སེལ་ལུ་ ཡིག་ཐོག་ལུ་ ཨང་གྲངས་༡༡༣ ལག་ལེན་འཐབ་མ་བཏུབ་པའི་ གནད་དོན་ག་ཅི་ཨིན་ན་ བྲིས་ཐོག་ལས་ གསལ་བཤད་ཡི་གུ་ཅིག་ ལེན་དགོ་ཟེར་ཨིནམ་ད་ ང་བཅས་ མི་སྡེ་ཆུང་ཀུ་ཅིག་ནང་ སྡོད་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བཀྲིས་འགྲུལ་འཕྲིན་དང་ ཁ་སླབ་ཞིནམ་ལས་ དཀའ་ངལ་དེ་ བསལ་ཐབས་འབད་དགོ་ཟེར་ ཚོང་པ་ཅིག་གིས་ བཤད་པའི་ཁར་ ཨང་གྲངས་༡༡༣ དེ་ གློ་བུར་དུ་ མཁོ་གལ་བྱུངམ་ད་ ལག་ལེན་འཐབ་ནི་དེ་ཨིནམ་ལས་ དམིགས་དོན་ཚུ་ འགྲུབ་ཐབས་འབད་དགོ་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment