གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྙན་གསན་རིམ་པ་ཚུ་ ཧ་ལམ་ མཇུག་བསྡུ་ནི་གུ་ལྷོད་ཡོདཔ།

༢/༢/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ གཞུང་གི་བཀའ་རྒྱ་དང་ ལམ་ལུགས་ཚུ་དང་འཁྲིལ་ རང་མོས་རྣམ་དག་ཐོག་ལུ་ བགོ་བཀྲམ་མ་འབད་བས་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ རྩོད་བཤེར་འབད་བའི་བསྒང་ཡོད་མི་ལུ་ ཁྲིམས་འདུན་གྱིས་ སྙན་གསན་རིམ་པ་ཚུ་ ཧ་ལམ་ མཇུག་བསྡུ་ནི་གུ་ ལྷོད་ཡོདཔ་ཨིན་པས།


ཁྲིམས་འདུན་གྱིས་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ འཐུས་མི་གནམ་གང་ལ་ལུ་ བརྒལ་ལན་སྙན་གསན་ ཐེངས་༢ པ་མཛད་པའི་སྐབས་ ལྷན་ཚོགས་ཀྱིས་ རྩོད་ཟླ་གིས་ ས་ཆ་ཚུ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ ཡི་གུ་དང་འཁྲིལ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཞུ་ནུག།
དེ་ལུ་ ལྷན་ཚོགས་ཀྱིས་འབད་བ་ཅིན་ བདེན་ཁུངས་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཁྲོམ་ས་ཚུ་ དང་འདོད་ཅན་གྱི་ མི་ཚུ་ལུ་ སྤྲོད་ནིའི་བཀའ་རྒྱ་མེད་པའི་ཁར་ ཁྲོམ་ས་སྤྲོད་ཐངས་ཀྱི་ ལམ་ལུགས་ཚུ་ཡང་ ཁ་གསལ་སྦེ་ཡོད་མི་དེ་ཡང་ དང་པ་ ས་གནས་དེ་ཁར་ ཁྲིམས་མཐུན་ཆོག་ཐམ་ཐོག་ ཚོང་རྐྱབ་སྡོད་མི་ ཚོང་པ་ཚུ་ལུ་ སྤྲོད་དགོཔ་ཨིནམ་ད་ གཉིས་པ་ ས་གནས་དེ་ནང་ གཞིས་ཆགས་ཏེ་སྡོད་མི་ མི་སེར་ཚུ་ལུ་ དེ་ལས་རྐྱངམ་གཅིག་ གཞན་ལུ་སྤྲོད་དགོཔ་སྦེ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཞབས་ཏོག་ལྷན་ཁག་གིས་གནང་མི་ ཡི་གུ་ནང་ཡང་ ཁྲོམ་ས་ཚུ་ ཁྲོམ་སྡེའི་ས་ཁོངས་ནང་ ཁྲིམས་མཐུན་གྱི་ ཚོང་གི་ཆོག་ཐམ་འཆང་མི་ཚུ་ལུ་ སྤྲོད་དགོཔ་སྦེ་ཡོད་རུང་ འབྲེལ་ཡོད་ལྷན་ཁག་གི་ བཀའ་རྒྱ་དང་ ལམ་ལུགས་ཚུ་ལུ་མ་གནས་པར་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ ལམ་ལུགས་དང་མ་འཁྲིལ་བར་ ཚུལ་མིན་ཐོག་ལས་ ས་སྤྲོད་ནུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ རྩོད་ཟླ་ཁོ་ར་ མོང་སྒར་ཁྲོམ་ས་ཚོགས་ཆུང་གི་ འཐུས་མི་སྦེ་ འགན་ཁུར་འབག་པའི་སྐབས་ལུ་ གཞུང་གི་བཀའ་རྒྱ་དང་ ཚད་གཞི་ཚུ་ ཤེས་དགོཔ་མ་ཚད་ ཕྱག་ལཱ་ཡང་ དེ་དང་འཁྲིལ་ཏེ་ འབད་དགོཔ་ཨིན་རུང་ རང་མོས་རྣམ་དག་ཐོག་ འགན་ཁུར་མ་འབག་མི་ལུ་བརྟེན་ ད་རེས་ནངས་པ་ ཁྲོམ་ས་ཚུ་ ཐོབ་ལམ་མེད་པའི་ མི་ངོ་ཚུ་ལུ་སྤྲོད་དེ་ཡོདཔ་ལས་ སྟབས་མ་བདེཝ་ཐོན་མི་དེ་ གནད་དོན་གཞན་མེད་ཟེར་ཨིན་པས།
དེ་མ་ཚད་ རྩོད་ཟླ་གིས་ ཁྲོམ་ས་ཚུ་ འབྲུག་གི་ གྲོང་སྡེ་ལས་འཛིན་གྱི་བཅའ་ཁྲིམས་༡༩༩༩ ཅན་མའི་དོན་ཚན་༥༡ པའི་ནང་གསེས་དོན་ཚན་༢ པ་དང་འཁྲིལ་ཏེ་ སྤྲོད་ཅི་ཟེར་ཞུ་མི་ལུ་ ལྷན་ཚོགས་ཀྱིས་ འབྲུག་གི་གྲོང་སྡེ་ལས་འཛིན་གྱི་ བཅའ་ཁྲིམས་དེ་ དབང་ནུས་ལྡན་པའི་དབང་འཛིན་གྱིས་ གྲོས་འདེབས་ཕུལ་ཏེ་ བཅའ་ཁྲིམས་འདིའི་དོན་ཚན་༦ པ་དང་༧ པའི་ནང་གསལ་ལྟར་ བཀའ་ཁྲིམས་གནང་ཞིནམ་ལས་རྐྱངམ་གཅིག་ བཅའ་ཁྲིམས་དེ་ ལག་ལེན་འཐབ་དགོཔ་ཨིན་ཟེར་ཨིན་པས།
གནམ་གང་ལ་གིས་ ཐོབ་ལམ་མེད་པའི་ མི་ངོ་ཚུ་ལུ་ ཁྲོམ་ས་བགོ་བཀྲམ་འབད་མི་ལུ་བརྟེན་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དོན་ཚན་༢༩༤ པའི་ ཁ་པ་དང་འཁྲིལ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་གནོད་འགེལ་གྱི་ ཉེས་སྐྱོན་སྨིན་དགོཔ་ད་ ཁྲིམས་དེབ་ཀྱི་དོན་ཚན་༢༩༥ པའི་ ཉེས་འཛུགས་སྨིན་དགོ་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་སྐབས་ལས་ར་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ ད་རེས་ནངས་པའི་གནད་དོན་མེན་པར་ ལོ་ངོ་བཅུ་ཕྲག་ལས་ལྷག་པའི་གནད་དོན་ཨིནམ་ད་ དེ་བསྒང་ ཁྲིམས་དང་གོང་མ་ཡོདཔ་ལས་ ས་ཆ་བགོ་བཀྲམ་དེ་ ཚུལ་མིན་ཐོག་ལས་འབད་བ་ཅིན་ ཉེས་ཁྲིམས་དེ་ དེ་བསྒང་ལས་ར་ ཕོག་ཕོགཔ་འོང་ཟེར་ཨིནམ་ད་ ས་ཆ་མ་ཐོབ་པར་ལུས་པའི་ལོ་རྒྱུས་དེ་ ཁྲིམས་འདུན་ལུ་ ལྷོད་ཞིནམ་ལས་རྐྱངམ་གཅིག་ གོ་ཡི་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ཚུན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ རྒྱལ་པོའི་ཞིང་ལུ་ ཞུ་ཡིག་བཙུགས་མི་༡༥༢ ཀྱིས་ ས་མ་ཐོབ་པར་འདུག་ཟེར་ཞུ་མི་ལུ་ ཁོ་གིས་འབད་བ་ཅིན་ ཞུ་ཡིག་ཡོད་ལུགས་མེད་ལུགས་ཀྱི་སྐོར་ལས་ ཚོགས་ཆུང་གི་ཞལ་འཛོམས་ཚུ་ནང་ཡང་ མ་བྱུང་ཟེར་ཨིནམ་ད་ ཞུ་ཡིག་བཙུགས་མི་ཚུ་གིས་འབད་རུང་ རང་སོའི་ ཞུ་ཡིག་ཚུ་བཙུགས་ཡོད་པ་ཅིན་ དེ་བསྒང་ཡང་ གཡུས་སྒོ་ཚུ་ནང་རྒཔོ་དང་ དམང་མི་ཚུ་ཡོདཔ་ལས་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ རྫོང་ཁག་ཚོགས་འདུ་ཚུ་ནང་ གྲོས་གཞི་ཕུལ་དགོཔ་ལས་ དེ་ཚུ་ནང་ གསུང་གྲོས་བྱུང་མ་བྱུང་གི་ ཞིབ་དཔྱད་འབད་དགོཔ་འོང་ཟེར་ཨིན་པས།
དེ་ཡང་ ཚོགས་ཆུང་གི་འཐུས་མི་༡༨ དེ་ཅིག་ཡོད་མི་ལས་ མང་ཤོས་ཅིག་ལུ་ སྙན་གསན་གྱི་ རིམ་པ་ཚུ་མཛད་ཚར་ཡོདཔ་ད་ དེ་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ རྫོང་རབ་བགྲེསཔ་རྟ་པོ་དང་ ཚོགས་ཆུང་འཐུས་མི་ སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་ ཧེ་མའི་ རྫོང་ཁག་བཟོ་རིག་འགོ་དཔོན་ དཔལ་ལྡན་ནོར་རྒྱས་ བཀྲིས་ནོར་བུ་ཤེར་པ་ རིན་ཆེན་དབང་འདུས་ རྟ་མགྲིན་རྡོ་རྗེ་ ལོག་ནཱག་ དྷལ་ དེ་ལས་ ཀུན་ལེགས་རྡོ་རྗེ་ཚུ་ལུ་ སྙན་གསན་འབད་ཚར་ནུག།
ད་རེས་ནངས་པ་ ཚོགས་ཆུང་གི་ཁྲི་འཛིན་ བློན་པོ་མི་འགྱུར་རྡོ་རྗེ་གི་ བརྒལ་ལན་དང་ ཚོགས་ཆུང་གི་འཐུས་མི་ མོང་སྒར་ཁྲོམ་སྡེའི་འཐུས་མི་བགྲེསཔ་ གནམ་གང་ལ་ རྫོང་ཁག་སོ་ནམ་འགོ་དཔོན་འོག་མ་ དཀར་ཅུང་ དེ་ལས་ ཧེ་མའི་ ཤེས་རིག་འགོ་དཔོན་འོག་མ་ སངས་རྒྱས་རྡོ་རྗེ་གི་དོན་ལུ་ བརྒལ་ལན་སྙན་གསན་ཚུ་འབད་ཡོདཔ་ད་ དཀར་ཅུང་གི་ཐད་ཁར་ སྒྲུབ་བྱེད་སྙན་གསན་ཚུ་ འབད་བའི་བསྒང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment