གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཌི་བི་དང་ ནོར་ཝེ་གིས་ འབྲུག་གི་ ནུས་ཤུགས་ཐོབ་སྤྱོད་ལུ་རྒྱབ་སྐྱོར།

༢/༢/༢༠༡༣   ༉ ད་ལྟོ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འཚོགས་པའི་བསྒང་ཡོད་མིའི་ཞོར་ཁར་ ཁ་ཙ་ འབྲུག་གིས་ ནོར་ཝེ་དང་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་ (ཨེ་ཌི་བི)དང་གཅིག་ཁར་ ནུས་ཤུགས་ནང་ མཉམ་འབྲེལ་གྱི་ འཆར་བཀོད་ཅིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ འབྲུག་རྒྱལ་ཁབ་འདི་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ནུས་ཤུགས་དངོས་པོ་ཐོབ་སྤྱོད་ཡར་སེང་གི་ མཉམ་རོགས་འབད་མི་ རྒྱལ་ཁབ་དང་པ་ཨིན་པས།

ཁ་ཙ་ ནིའུ་ལྡི་ལི་ལུ་ སོ་ནམ་དང་ ནགས་ཚལ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་དང་ རྒྱ་གར་ལུ་ ཨེ་ཌི་བིའི་ རྒྱལ་ཁབ་ཀྱི་ གནས་བཞུགས་མདོ་ཆེན་འོག་མ་ ནར་ཧ་རི་རའོ་ དེ་ལས་ ནོར་ཝེ་མངའ་སྡེའི་དྲུང་ཆེན་ ཨར་བིན་ ག་ཇིལ་གྱིས་ ནུས་ཤུགས་ཀྱི་ འཆར་བཀོད་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།

དེ་ཡང་ འབྲུག་གིས་ ཡུན་བརྟན་ནུས་ཤུགས་ཀྱི་ ཐོབ་སྤྱོད་ཡར་སེང་ཐོག་ འཕྲུལ་ཁང་དང་ སྣུམ་འཁོར་ལ་སོགས་པ་ཚུ་ལས་ཐོན་པའི་ ནག་རླུང་ཚུ་ མར་ཕབ་འབད་ནི་གི་ འབད་རྩོལ་བསྐྱེད་མི་ལུ་ ནོར་ཝེ་གཞུང་གིས་ ཤུལ་མའི་ལོ་༥ ཚུན་ རྒྱབ་སྐྱོར་འབད་ནི་གི་དོན་ལས་ མ་དངུལ་ནོར་ཝེ་ཇེན་ཀོ་རོ་ནར་ ས་ཡ་༡༠༠ འབདཝ་ད་ ཡུ་ཨེཨི་ཌོ་ལར་༡༧ གྲོགས་རམ་བྱིན་ནི་གི་ རེ་བ་ཡོདཔ་ཨིན་པས།
རྒྱ་གར་ལུ་ ཨེ་ཌི་བིའི་ རྒྱལ་ཁབ་ཀྱི་ གནས་བཞུགས་མདོ་ཆེན་འོག་མ་ ནར་ཧ་རི་ རའོ་གིས་ སླབ་མིའི་ནང་ ཨེ་ཌི་བི་དང་ ནོར་ཝེ་གཞུང་གིས་ ལུང་ཕྱོགས་ནང་ སྤྱི་ལོ་༢༠༡༡ ལས་ཚུར་ ནུས་ཤུགས་ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་གི་ ལཱ་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ མཉམ་རོགས་རྒྱལ་ཁབ་ཚུ་ནང་ ཡུན་བརྟན་ནུས་ཤུགས་ འཛམ་གླིང་ཡོངས་ལུ་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ འཆར་བཀོད་གུ་ མཚན་རྟགས་བཀོད་པའི་སྐབས་ ཁོ་གིས་ བཤད་པའི་ཁར་ འབྲུག་ལུ་ ནུས་ཤུགས་སྡེ་ཚན་ནང་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༢༥-༣༠ འབད་མི་ ལས་རིམ་ཅིག་ གྲ་སྒྲིག་བཟོ་ནིའི་དོན་ལས་ ཨེ་ཌི་བི་གིས་ མ་དངུལ་གྱི་ རྒྱབ་སྐྱོར་ཡང་འབད་འོང་ཟེར་ བཤད་ཡོདཔ་ཨིན་པས།
ཁ་ཙ་ འཆར་བཀོད་གུ་ མཚན་རྟགས་བཀོད་མི་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ནོར་ཝེ་ཇེན་ འཛམ་གླིང་རྒྱལ་སྤྱི་གོང་འཕེལ་བློན་པོ་གིས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ལུ་ ཁས་ལེན་འབད་བའི་ གྲུབ་འབྲས་ཅིག་ཨིནམ་ད་ འཆར་བཀོད་ནང་ སྤྱི་ལོ་༢༠༡༣-༢༠༡༧ ཚུན་ ནུས་ཤུགས་ཐབས་ལམ་གྱི་ མཉམ་འབྲེལ་ལག་ལེན་གྱི་ ལས་དོན་དང་ བྱ་སྒོ་ཚུ་ གསལ་བཀོད་འབད་ནུག།
མཚན་རྟགས་བཀོད་པའི་སྐབས་ལུ་ ནོར་ཝེའི་མངའ་སྡེ་དྲུང་ཆེན་ ཨར་བིན་ ག་ཇིལ་གྱིས་ སླབ་མིའི་ནང་ མཉམ་འབྲེལ་ལས་དོན་འདི་ མཐར་འཁྱོལ་འབྱུང་ནི་གི་ འོས་འབབ་སྦོམ་ཡོད་མི་དེ་ཡང་ འབྲུག་གིས་ ནུས་ཤུགས་དེ་ འཛམ་གླིང་ཡོངས་ལུ་ ཐོབ་སྤྱོད་འབད་ཚུགསཔ་བཟོ་ནིའི་ནང་ ལྷན་ཐབས་རྒྱ་ཆེཝ་སྦེ་ འབད་ཡོདཔ་མ་ཚད་ འབྲུག་མི་འབོར་བརྒྱ་ཆ་༨༠ ལུ་ ནུས་ཤུགས་ཀྱི་ མཐུན་རྐྱེན་ལྷོད་དེ་འདུག་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ གསུངས་མིའི་ནང་ འཆར་བཀོད་གུ་ མཚན་རྟགས་བཀོད་མི་དེ་གིས་ འབྲུག་རྒྱལ་ཁབ་ལུ་ ལྷག་པར་དུ་ ཕན་ཁྱད་འབྱུང་ནི་ཨིནམ་མ་ཚད་ ནོར་ཝེ་དང་ ཨེ་ཌི་བི་གིས་ མཉམ་རོགས་༤ ལས་ གཅིག་ འབྲུག་རྒྱལ་ཁབ་འདི་ གདམ་ཁ་རྐྱབ་མི་ལུ་ དགའ་ཚོར་ཡོད་ཟེར་ཨིནམ་ད་ ནོར་ཝེ་དང་ ཨེ་ཌི་བི་དེ་ འབྲུག་གི་ ནུས་ཤུགས་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་བརྩོན་ཤུགས་ནང་ མཉམ་རོགས་གཙོ་ཅན་ཅིག་ཨིནམ་མ་ཚད་ ནོར་ཝེ་གིས་ འབྲུག་གི་ནུས་ཤུགས་ཀྱི་ འཆར་གཞི་ཨམ་བརྩམ་ནིའི་ནང་ འབྲེལ་གཏོགས་དམ་ཟབ་འབད་ཡི་ཟེར་ སོ་ནམ་བློན་པོ་གིས་ གསུངས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment