བསམ་རྩེ་ལུ་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ། |
དེ་ཡང་ ཚོད་བསྲེ་ཚོང་འབྲེལ་དང་བཀྲམ་སྤེལ་ བཀོད་ཁྱབ་འགོ་དཔོན་ ཁམས་པ་གིས་སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་སྦེ་ ནང་འཁོད་ལས་འཐོན་མིའི་ཚོད་བསྲེ་ཚུ་ ལྷོ་ཕྱོགས་རྫོང་ཁག་༥ ནང་ལས་ བསྡུ་བསྒྱོམ་འབད་དེ་ ཚོང་འབྲེལ་འཐབ་ཡོད་རུང་ ཚོང་མགྲོན་པ་ཚུ་གིས་ ཉོ་མ་བཏུབ་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་མ་ཚད་ གཡུས་སྒོ་ཚུ་ནང་ ཚོད་བསྲེ་ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ ལས་མི་མ་ཐོབ་པའི་དཀའ་ངལ་དང་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་མེད་པའི་དཀའ་ངལ་ ཚོད་བསྲེ་ཚོང་འབྲེལ་འཐབ་མ་ཚུགས་མི་ དེ་ལས་ མི་སེར་སོ་ནམ་པ་ཚུ་ལུ་ འཛུགས་སྐྱོང་གི་ཤེས་ཡོན་དང་ རིག་རྩལ་ ཉམས་མྱོང་མེད་པའི་དཀའ་ངལ་ འདུག་ཟེར་སླབ་ཨིན་པས།
ལས་སྡེའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་ཚུ་ བསྡུ་བསྒྱོམ་འབད་དེ་ ཚོང་འབྲེལ་འཐབ་དགོ་པའི་ དམིགས་ཡུལ་༥ ཡོད་མི་ཚུ་ཡང་ མི་སེར་སོ་ནམ་པའི་ འོང་འབབ་ཡར་དྲག་གཏང་ནི་དང་ ཚོང་མགྲོན་འབད་མི་ཚུ་གིས་ བཅུད་ལྡན་གྱི་ ཚོད་བསྲེ་ཚུ་ ལག་ལེན་འཐབ་བཅུག་ནི་ སོ་ནམ་དང་འབྲེལ་བའི་ དཔལ་འབྱོར་གོང་འཕེལ་གཏང་ནི་ སོ་ནམ་ལས་སྡེ་ནང་ ལཱ་གཡོག་གི་གོ་སྐབས་སྤྲོད་ནི་ དེ་ལས་ རྒྱལ་ཡོངས་ཀྱི་ རུ་པིའི་དཀའ་ངལ་བསལ་ནི་ཚུ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ པའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྲིད་བྱུས་དང་ ལམ་སྟོན་ དེ་ལས་ འཆར་གཞི་ཚུ་དང་འཁྲིལ་ ལས་སྡེ་གཞི་བཙུགས་འབད་བའི་ཤུལ་ལུ་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ རྒྱལ་ཡོངས་ཐོག་བསྡུ་ལྟེ་བ་ འབྲུག་གོང་འཕེལ་དངུལ་ཁང་ དེ་ལས་ ལྡུམ་ར་རིག་པའི་ལས་ཚན་ཚུ་ནང་ལས་ གཞི་རྟེན་མཐུན་རྐྱེན་གྱི་རྒྱབ་སྐྱོར་ལེན་ཐོག་ལས་ ལས་སྡེ་གིས་ གཡུས་སྒོའི་སོ་ནམ་པ་ཚུ་ལུ་ གནམ་དགུན་ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ཨིན་པས།
ལྷོ་ཕྱོགས་ཁ་ཐུག་གི་ རྫོང་ཁ་༥ འི་གྲས་ལས་ དར་དཀར་ན་རྫོང་ཁག་ལས་ སྤྱི་ཟླ་༡ པའི་ནང་ སྲནམ་ཅུམ་དང་ བོ་རོ་ཀོ་ལི་ འདབ་མ་ཀོ་པི་ མེ་ཏོག་ཀོ་པི་ པད་ཚོད་ ལ་ཕུག་ ས་སྒ་ དེ་ལས་ ཧོན་ཚོད་ཚུ་ ཐོན་དོ་ཡོདཔ་ད་ ཆུ་ཁ་ལས་ ཀེ་བ་དང་ ལ་ཕུག་དམརཔོ་ཚུ་ཐོན་དོ་ཡོདཔ་ཨིན་པས།
གསར་སྤང་དང་ བསམ་རྩེ་ལས་ དོ་ལོམ་ བླམ་བན་ད་ ཀ་ཀུ་རུ་ སྒོགཔ་ དེ་ལས་ རྩི་རང་ལས་འབད་བ་ཅིན་ གཞན་རྫོང་ཁག་ཚུ་ནང་ ལས་མ་ཐོན་མི་ འོད་སུ་དང་ སྐྱ་སྒོགཔ་ཚུ་ ཐོན་དོ་ཡོདཔ་ཨིན་པས།
ལས་སྡེ་གིས་ སོ་ནམ་པ་ཚུ་ལས་ བསྡུ་བསྒྱོམ་འབད་དེ་ གོང་ཚད་ཚུ་སྤྲོད་དེ་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ འབག་འོང་ཞིནམ་ལས་ ཚོང་འབྲེལ་འཐབ་ཡོད་རུང་ ཚོང་མགྲོན་པ་ཚུ་གིས་ ནང་འཁོད་ལས་ཐོན་མིའི་ ཚོད་བསྲེ་ཚུ་ལུ་ དང་འདོད་མ་བསྐྱེད་པར་ ནང་འདྲེན་འབད་མི་ལུ་ར་ སྤྲོ་བ་བསྐྱེད་ནི་དེ་གིས་ བསྡུ་བསྒྱོམ་འབད་མི་ཚོད་བསྲེ་ཚུ་ དུས་ཚོད་ཁར་ ཚོང་འབྲེལ་འཐབ་མ་ཚུགསཔ་ལས་ གྱོང་རྒུད་ཕོག་ནི་འདུག་ཟེར་ བཤདཔ་ཨིན་པས།
ལས་སྡེའི་བཀོད་ཁྱབ་འགོ་དཔོན་ཁམས་པ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ལས་སྡེའི་ལས་བྱེདཔ་ཚུ་ རྫོང་ཁག་གི་ གཡུས་སྒོ་ཚུ་ནང་སོང་སྟེ་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་དེ་ཡང་ མི་སེར་ཉམ་ཆུང་ཚུ་གིས་ ཚོང་འབྲེལ་འཐབ་སའི་ས་གོ་ འཐོབ་མ་ཚུགས་པའི་དཀའ་ངལ་དང་ ཚོང་འབྲེལ་འཐབ་སའི་ ས་གོ་ནང་ལྷོད་རུང་ འོང་འབབ་བཟོ་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོད་མི་ཚུ་ བསལ་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ ལས་བྱེདཔ་ཚུ་གིས་ གཡུས་སྒོ་ཚུ་ནང་སོང་སྟེ་ མི་སེར་སོ་ནམ་པ་ཚུ་ལུ་ གོང་ཚད་རན་ཏོང་ཏོ་སྦེ་ སྤྲོད་དེ་ཐོག་ལས་ འཁོར་ལམ་ཚུན་ ཚོད་བསྲེ་འབག་བསྐྱལ་ཐོག་ལས་ སྐྱེལ་འདྲེན་འབད་ནི་ལུ་ ཆ་རོགས་འབད་ཡོདཔ་ཨིན་པས།
ལས་སྡེ་གིས་ ད་ལས་ཕར་ ཚོད་བསྲེ་འཛུགས་སྐྱོང་འབད་ཐངས་ཀྱི་ སྦྱོང་བརྡར་དང་ ཤེས་ཡོན་ དེ་ལས་ རིག་རྩལ་ཚུ་བྱིན་ནིའི་འཆར་གཞི་ཡོད་ཟེར་ སླབ་ཨིན་པས།
ལས་བྱེདཔ་ལ་ལུ་ཅིག་གིས་འབད་བ་ཅིན་ ནང་འཁོད་ཀྱི་ཚོད་བསྲེ་ཚུ་ རྒྱལ་ཡོངས་མི་སེར་གྱི་དོན་ལུ་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཚོད་བསྲེ་ཚུ་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ མལ་ལུད་བླུགས་ཏེ་ འཛུགས་སྐྱོང་འབད་ཡོདཔ་ལས་ གཟུགས་ཁམས་བདེ་ཏོག་ཏོ་དང་ སྒྲིང་སྒྲིང་བཞག་ཚུགསཔ་ཟེར་ཨིན་པས།
ནང་འདྲེན་འབད་མིའི་ཚོད་བསྲེ་ཚུ་ རྫས་སྦྱོར་ཚུ་བླུགས་ཏེ་ བཟོ་ནི་དེ་གིས་ རང་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ཡང་ གནོད་ཉེན་སྦོམ་ཡོད་ཟེར་ཨིན་པས།
ལས་སྡེ་གིས་ གནམ་དགུན་ ཚོད་བསྲེ་རྐྱངམ་གཅིག་ལུ་ གཙོ་བོ་བཏོན་ཏེ་ ཐིམ་ཕུ་ཁྲོམ་ནང་ ལཱ་འབད་ནི་མེན་པར་ གནམ་འབྱ་གི་ ཚོད་བསྲེ་ཚོང་འབྲེལ་འབད་ནིའི་ནང་ཡང་ ལཱ་འབད་ཐོག་ལས་ རྫོང་ཁག་གཞན་མིའི་ ཚོད་བསྲེ་ཁྲོམ་ཚུ་ནང་ཡང་ ཁྱབ་ཚུགསཔ་སྦེ་ བཀྲམ་སྤེལ་འབད་ནི་དེ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལས་༢༠༡༦ ཚུན་ལུ་ གོ་རིམ་དང་པའི་ལས་རིམ་ཨིནམ་ད་ དེ་ནང་ མ་དངུལ་འབུམ་༣༠༠ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ ཡོདཔ་ལས་ ཚོད་བསྲེ་ཕྱིར་ཚོང་འཐབ་ནིའི་འཆར་གཞི་དང་ ལས་རིམ་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment