གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགྲོན་སྐྱོང་འཛིན་སྐྱོང་གི་ སྦྱོང་བརྡར་འབད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྦོམ་ཡོདཔ།

༢/༢/༢༠༡༣   ༉ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་སྤེལ་ཁང་ནང་ གཙུག་ལག་འོག་མའི་ མཐོ་རིམ་ཤེས་ཚད་ཡོད་མི་ཚུ་གིས་ མགྱོནམོ་འཛིན་སྐྱོང་འཐབ་ནིའི་ནང་ སྦྱོང་བརྡར་འབད་དེ་ ལས་རིམ་མཇུག་མ་བསྡུཝ་ལས་ ལཱ་གཡོག་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།
ལས་གཡོག་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ སྦྱོང་བརྡར་མཇུག་བསྡུ་མི་ཚུ་ལུ་ ལག་ཁྱེར་བྱིན་པའི་བསྒང་།


དེ་ཡང་ ཁ་ཙ་ ཐིམ་ཕུ་རྟ་རྦབ་དབང་ཕྱུག་སྐྱིད་སྐྱོང་ནང་གི་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་སྤེལ་ཁང་ལས་ འགོ་ཐོག་དང་པ་ མགྲོན་སྐྱོང་གཙུག་ལག་འོག་མའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྦྱོང་བརྡར་བ་༢༣ ལུ་ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ ལག་ཁྱེར་ཚུ་བྱིན་ཡི།
དྲུང་ཆེན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ དོ་འགྲན་ཅན་ཅིག་སྦེ་ ཡོད་དེ་འབད་རུང་ ལས་གཡོག་ལྷན་ཁག་ལས་ དེ་བཟུམ་མའི་སྦྱོང་བརྡར་ནང་ རྒྱབ་སྐྱོར་འབདཝ་ད་ ན་གཞོན་ཚུ་གིས་ཡང་ སྤྲོ་བ་དང་ དང་འདོད་སྦོམ་བསྐྱེད་དེ་ ལོ་༡ གི་སྦྱོང་བརྡར་ལེགས་ཤོམ་སྦེ་ མཐར་འཁྱོལ་ཚུགས་མི་ལུ་ ལེགས་སོ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་སྤེལ་ཁང་ལས་ སློབ་སྟོན་པ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ན་གཞོན་ཚུ་གིས་ ལཱ་འབད་བའི་སྐབས་ལུ་ མགྲོན་སྐྱོང་ཁང་སྦོམ་ཚུ་ནང་ ཕྱི་ནང་གཉིས་ཀྱི་མགྱོནམོ་ ཆེ་འབྲིང་ཆུང་༣ ག་ར་ལུ་ བསུ་བ་དང་ མགྲོན་སྐྱོང་ལེགས་ལྡན་འབད་ཚུགས་པའི་ རིག་རྩལ་དང་ ཤེས་ཡོན་བྱིན་ཐབས་ལུ་ དཔེ་ཆ་སྟོན་ནི་རྐྱངམ་གཅིག་མེན་པར་ ལག་ལེན་དངོས་ལྟར་ འཐབ་བཅུག་ཐོག་ལས་ འབད་ཡི་ཟེར་ཨིན་པས།
ལོ་གཅིག་གི་རིང་ལུ་ སྦྱོང་བརྡར་འབད་མིའི་ བུཚ་དང་བུམོ་ཚུ་གིས་ མགྲོན་སྐྱོང་ཁང་དང་ བཟའ་ཁང་ དེ་ལས་ སྒེར་སྡེའི་ཐོག་ལས་ གཞི་བཙུགས་འབད་མི་ཚུ་ནང་ སྐུ་མགྲོན་ཚུ་ལུ་ འཛིན་སྐྱོང་ལེགས་ཤོམ་འབད་ཐངས་དང་ སྒྲིགས་ལམ་རྣམ་གཞག་ བཞེས་སྒོ་འབད་ཐངས་ མགྱོནམོ་དང་གཅིག་ཁར་ ཁ་སླབ་ཐངས་ཚུ་གི་ རིག་རྩལ་དང་ ཤེས་ཚད་ཚུ་ ལེགས་ཤོམ་ཡོད་ཟེར་ སླབ་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་མི་ སྐྱེས་ལོ་༢༣ ལང་མི་ སངས་རྒྱས་རྟ་མང་གིས་ ཀུན་གསལ་ལུ་བཤད་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ སྤ་རོ་ འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༢ ལུ་ སྦྱོང་བརྡར་སྤེལ་ཁང་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་ར་ མི་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ མགྲོན་སྐྱོང་ཁང་ཚུ་ནང་ ལཱ་འབད་དེ་ ཤེས་ཡོན་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་འབད་བའི་སྐབས་ གཏེར་མ་གླིང་ཀ་མགྲོན་སྐྱོང་ཁང་ནང་ ལཱ་གཡོག་གི་ས་སྟོང་གསལ་བསྒྲགས་འབད་མིའི་ནང་ འབྲེལ་གཏོགས་འབད་དེ་ གོ་སྐབས་ཐོབཡོདཔ་ལས་ ན་གཞོན་གཞན་བཟུམ་སྦེ་ ལཱ་གཡོག་འཚོལ་ནིའི་ནང་ དཀའ་ངལ་མེད་པར་ འཛུལ་ཆོག་ཆོག་འདུག་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ སྦྱོང་བརྡར་མཐར་འཁྱོལཝ་ཅིག་ ལཱ་གཡོག་ནང་འཛུལ་ཆོག་ཆོག་ཡོདཔ་བཞིན་དུ་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ བརྒྱ་ཆ་༧༠ ལྷགཔ་ཅིག་གིས་ ལཱ་གཡོག་ཐོབ་ཡོད་པའི་ཁར་ ད་ཚུན་ སྤེལ་ཁང་ལས་ མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་མེད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ རྒྱལ་ཁབ་ཀྱི་ བཟོ་གྲྭ་འཕྲུལ་ཁང་སྦོམ་ཚུ་དང་ མགྲོན་སྐྱོང་ཁང་ བཟའ་ཁང་ དེ་ལས་ ལས་སྡེ་ སྒེར་སྡེ་ ལས་འཛིན་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ཚུ་ ད་ལྟོའི་གནས་སྟངས་ནང་ སློབ་རིམ་༡༠ པ་ དང་༡༢ པ་མཐར་འཁྱོལ་མི་ཚུ་ལུ་ སྤྲོད་ཡོདཔ་ལས་ ཁོང་ལུ་གཞི་རྟེན་ཤེས་ཡོན་མེད་མི་ལུ་བརྟེན་ ལཱ་འབད་མ་ཚུགས་པའི་དཀའ་ངལ་ཐོན་པའི་ཁར་ ཤེས་ཚད་དང་ ཉམས་མྱོང་ཡོད་རུང་ སྤྲོ་བ་བསྐྱེད་དེ་ ལཱ་འབད་མ་བཏུབ་པའི་དཀའ་ངལ་ཚུ་ འདུག་ཟེར་་ཨིན་པས།
ལཱ་འབད་བའི་སྐབས་ལུ་ སྦྱོང་བརྡར་འབད་མི་ཚུ་གིས་ ལཱ་གི་གནས་སྟངས་དང་ ལམ་ལུགས་ཚུ་ ཧ་གོ་ཞིནམ་ལས་ འབད་དགོཔ་དེ་ ཁག་ཆེ་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment