གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་བརྡ་བརྒྱུད་དང་ ལྟ་བཤལ་ལག་ལེན་འཐབ་མི་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་ནིའི་འཆར་གཞི།

༢/༢/༢༠༡༣   ༉ ལུང་ཕྱོགས་ ལྟ་བཤལཔ་གི་གྲས་ལས་ འབྲུག་རྒྱལ་ཁབ་ནང་འོང་མི་ མང་ཤོས་ར་ རྒྱ་གར་རྒྱལ་ཁབ་ནང་ལས་ཨིནམ་ལས་ དུས་ཅི་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རྒྱ་གར་གྱི་ བརྡ་བརྒྱུད་ཚུ་དང་ ལྟ་བཤལ་ལག་ལེན་འཐབ་མི་ཚུ་ལུ་ གོམས་འདྲིས་ལྟ་བཤལ་ལས་རིམ་ཅིག་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཚུ་ཡོདཔ་ཨིན་པས།


འབྲུག་ལྟ་བཤལ་ཚོགས་སྡེ་དང་ ལྟ་བཤལ་དང་འབྲེལ་བ་ཡོད་མི་ལས་སྡེ་ དཔེ་འབད་བ་ཅིན་ འབྲུག་མཁའ་འགྲུལ་དང་ བཟའ་ཁང་ དེ་ལས་ ལྟ་བཤལ་པའི་ ཚོང་ལཱ་འབད་མི་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ རྒྱ་གར་གྱི་བརྡ་བརྒྱུད་དང་ ལྟ་བཤལ་པའི་ ཚོང་ལཱ་འབད་མི་ཚུ་གིས་ འབྲུག་རྒྱལ་ཁབ་ཀྱི་ སྐོར་ལས་དྲི་བ་ཅིན་ ཁོང་ཚུ་ལུ་ གནམ་གྲུའི་ཤོག་འཛིན་དང་ བཟའ་ཁང་ཚུ་ ཡངས་ཆག་བཟུམ་ཅིག་དང་ ཡང་ཅིན་ གོང་ཚད་མར་ཕབ་ཀྱི་ཐོག་ལས་ བྱིན་ནི་ཟེར་ཨིན་པས།
རྒྱ་གར་དང་ བང་ལ་དེཤ་རྒྱལ་ཁབ་ དེ་ལས་ མཱལ་དེབསི་རྒྱལ་ཁབ་ནང་ལས་ འོང་མིའི་ལྟ་བཤལཔ་ཚུ་ལུ་ ལུང་ཕྱོགས་ལྟ་བཤལཔ་ཟེར་ སླབ་དོ་ཡོདཔ་ལས་ ད་ཚུན་གྱི་བར་ན་ ལུང་ཕྱོགས་ལྟ་བཤལཔ་འོང་མི་ མཐོ་ཤོས་ར་ རྒྱ་གར་རྒྱལ་ཁབ་ནང་ལས་ཨིན་པས།
ལུང་ཕྱོགས་ཀྱི་ ལྟ་བཤལ་པའི་གྲངས་སུ་ཚུད་པ་ཅིན་ ཉིན་བསྟར་གྱི་འཐུས་ཚུ་ སྤྲོད་མ་དགོཔ་མ་ཚད་ འཛུལ་ཞུགས་ཆོག་ཐམ་ཚུ་ཡང་ མ་དགོཔ་ཨིན་པས།
ལྟ་བཤལ་འགོ་དཔོན་གྱིས་ བཤད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ལུང་ཕྱོགས་ལྟ་བཤལཔ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིནམ་ད་ ལུང་ཕྱོགས་ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ ནམ་འོང་དགོ་མནོཝ་ཅིག་ འོང་ཆོག་ནི་ཨིན་རུང་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་འོངམ་ད་ ལྟ་བཤལ་པའི་ ཚོང་ལཱ་འབད་མི་ཚུ་རྒྱུད་དེ་ ལྟ་བཤལ་དང་འབྲེལ་བའི་ འཆར་གཞི་ཚུ་ བརྩམས་ཐོག་ལས་ འབད་དགོཔ་ཨིན་ཟེར་ཨིནཔས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རྒྱ་གར་ལུ་ སྒེར་གྱི་ལས་སྡེ་ ཅཱར་སཱན་ཞབས་ཏོག་ལས་སྡེ་དེ་ མི་མང་མཐུན་འབྲེལ་གྱི་ ཡིག་ཚང་སྦེ་ བསྐོ་བཞག་འབད་ཡོད་ཟེར་ ཚོང་འབྲེལ་དང་ ཡར་རྒྱས་སྡེ་ཚན་གྱི་འགོ་དཔོན་ དམ་ཆོས་རིག་འཛིན་གྱིས་ བཤདཔ་ཨིན་པས།
ཞབས་ཏོག་ལས་སྡེ་དེ་གིས་ ཟླ་ངོ་༦ གི་རིང་ ལཱ་འབད་ནི་ཨིནམ་བཞིན་དུ་ ད་ལས་ཕ་ར་འབད་རུང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འཕྲོ་མཐུད་དེ་ར་ ལཱ་འབད་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།
དམ་ཆོས་རིག་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ སྒེར་གྱི་ལས་སྡེ་ ཅཱར་སཱན་ཞབས་ཏོག་ལས་སྡེ་དེ་ མི་མང་མཐུན་འབྲེལ་དང་ དམིགས་བསལ་དུ་ ལྟ་བཤལ་གྱི་ ཉམས་མྱོང་ཡོད་མི་ཅིག་ཨིནམ་ལས་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ལུ་ གོམས་འདྲིས་ཚུད་ཐབས་ལུ་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལས་འགོ་བཙུགས་ རྒྱ་གར་གྱི་ ལྟ་བཤལ་ཚོང་ལཱ་འབད་མི་ སྦོམ་ཤོས་ཅིག་ཨིན་མི་ མེཀ་མའི་ཊི་རིཔ་ གིས་ འབྲུག་རྒྱལ་ཁབ་དེ་ ཕྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ངོ་སྤྲོད་འབད་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མི་ ཡར་སེང་སོང་ཡོདཔ་ཨིན་པས།
གནམ་བྱཱར་གྱི་སྐབས་ ཕྱི་རྒྱལ་ལས་ལྟ་བཤལ་ལུ་འོང་མི་ གནམ་མེད་ས་མེད་ཅིག་མེདཔ་ཨིན་རུང་ ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ འོང་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ལུང་ཕྱོགས་ལྟ་བཤལཔ་ཚུ་ འོང་མི་ལུ་བརྟེན་ འོང་འབབ་ཀྱི་གོ་སྐབས་ སྦོམ་འདུག་ཟེར་ དམ་ཆོས་རིག་འཛིན་གྱིས་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ ཚོང་འབྲེལ་དང་ གོང་འཕེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་དམིགས་གཏད་གཙོ་བོ་དེ་ར་ རྒྱ་གར་གྱི་བརྡ་བརྒྱུད་དང་ ལྟ་བཤལ་ཚོང་ལཱ་འབད་མི་གོམས་འདྲིས་ཚུད་ཐབས་ལུ་ ཨིན་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ལྟ་བཤལཔ་ཡོངས་བསྡོམས་༡༠༥,༤༡༤ འོང་ཡོདཔ་བཞིན་དུ་ རྒྱལ་སྤྱིའི་ལྟ་བཤལཔ་ ཌོ་ལར་སྤྲོད་དེ་འོང་མི་ ༥༣,༥༠༤ དང་ ལུང་ཕྱོགས་ལྟ་བཤལཔ་༥༡,༩༡༠ ཚུ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ལྟ་བཤལཔ་ཡོངས་བསྡོམས་༡༠༠,༨༣༣ འོང་མིའི་གྲས་ལས་ ཌོ་ལར་སྤྲོད་དེ་འོང་མིའི་ལྟ་བཤལཔ་༤༧,༦༡༠ ཡོདཔ་ད་ ལུང་ཕྱོགས་ལྟ་བཤལཔ་ཡོངས་བསྡོམས་༥༣,༣༣༣ རྒྱལ་ཁབ་ནང་ ལྷོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment