འདེམས་ངོ་ དུར་བཱ་ཆེ་ཏི་རི་དང་ བཙན་སྐྱོགས་ཊི་རྡོ་རྗེ། |
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ པདྨ་ཐང་རྒེད་འོག་ལས་ སྐྱེས་ལོ་༤༧ ལང་མི་ དུར་བཱ་ ཆེ་ཏི་རི་གིས་ ཇོ་མོ་གཙང་ཁ་ མར་ཚ་ལ་འདེམས་ངོ་སྦེ་ ཐོན་ཡོདཔ་ད་ ཁོ་ལུ་ ལོ་༢༤ གི་རིང་ ལཱ་གི་ཉམས་མྱོང་ཡོདཔ་ད་ སྤྱི་ལོ་༡༩༨༨ ལུ་ ཁོ་གིས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་རིག་ནང་ མཐར་འཁྱོལ་ཡོདཔ་ཨིན་པས།
དུར་བཱ་ཆེ་ཏི་རི་གིས་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་སྦེ་ འཛུལ་ཞུགས་འབད་དགོ་མི་དེ་ཡང་ ཁོ་གི་ལྟ་བ་དང་ གཞི་རྩ་དེ་ ཚོགས་པའི་གཞི་རྩ་དང་ རྟགས་མཐུན་ནི་དེ་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་ འོས་འབབ་སྦོམ་ཡོད་པའི་ཁར་ ང་རའི་ སྤྲོ་བ་དང་ དང་འདོད་ཡང་ མི་སེར་ལུ་ ཆ་རོགས་དང་ རྒྱབ་སྐྱོར་ ཤེས་ཡོན་བྱིན་ནི་ མི་སྡེ་ལུ་དགའ་སྐྱིད་བྱུང་བཅུག་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་གྲུབ་ཐབས་ལུ་ གཙོ་བོ་བཏོན་ཏེ་ རྩ་བ་༣ ལུ་ ཕྱག་ཞུ་ནིའི་གོ་སྐབས་ བཟང་པོ་ཐོབ་ཅི་ཟེར་ སླབ་ཨིན་པས།
སྤ་རོ་ཧཱུཾ་རལ་རྒེད་འོག་ལས་ སྐྱེས་ལོ་༦༠ ལང་མི་ ཌོག་ཊར་ བཙན་སྐྱོགས་ཊི་ རྡོ་རྗེ་གིས་ སྤ་རོ་སྟོད་ཀྱི་ འདེམས་ངོ་སྦེ་ ཐོན་ཡོདཔ་བཞིན་དུ་ ཁོ་གིས་ སྤྱི་ལོ་༡༩༦༨ ལུ་ གཞུང་གཡོག་ནང་ འཛུལ་ཞུགས་འབད་དེ་ ལོ་ངོ་༣༧ ཕྱག་ཞུ་བའི་ཤུལ་ལུ་སྤྱི་ལོ་༢༠༠༥ ལུ་ དགོངས་ཞུས་འབད་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གཞི་བཙུགས་འབད་མི་དེ་ཡང་ ཁོ་ཨིན་པས།
ཁོ་གིས་ མཐོ་རིམ་ཤེས་ཡོན་དེ་ ཀ་ལིམ་སྤོང་དང་ དར་རྗེ་གླིང་ ཀཱོལ་ཀོ་ཀྲ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༡༩༩༠ ལུ་ པི་ཨེཆ་ཌི་གི་ ཤེས་ཡོན་དེ་ རྒྱ་གར་ མ་གཱཌ་གཙུག་ལག་ནང་སྦྱང་ཡོདཔ་མ་ཚད་ ལཱོན་ཌོན་ལས་ སྲིད་དོན་ཚན་རིག་ཚུ་ མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ ལོ་༣༧ ཚུན་ གཞུང་གི་བདག་སྐྱོང་ནང་ ཕྱག་ཞུ་བའི་གུ་ འབྲུག་པའི་ཀི་དེབ་ཚུ་ཡང་ ལེ་ཤ་ཅིག་ར་བརྩམས་ཏེ་ བཀྲམ་སྤེལ་འབད་ཡོད་པའི་ཁར་ སྤ་རོ་རྒྱལ་ཡོངས་སློབ་དཔོན་སློབ་སྦྱོང་སྤེལ་ཁང་གི་ སློབ་སྟོན་པ་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་རའི་སྤྲོ་བ་དེ་ མི་སེར་ཚུ་དང་འབྲེལ་བ་འཐབ་སྟེ་ མི་སེར་ལུ་ རྒྱབ་སྐྱོར་འབད་ནི་དང་ ལ་བཤལ་འགྱོ་ནི་ འགྲོ་འགྲུལ་འབད་ནི་ དེ་ལས་ མི་སེར་ཆེ་འབྲིང་ཆུང་༣ དང་ འབྲེལ་བ་འཐབ་ནི་ཚུ་ ཨིན་ཟེར་ཨིན་པས།
ཁོ་ར་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ དང་པ་ འབྲུག་སྤྱིར་དབང་ཚོགས་པ་ གཞི་བཙུགས་འབད་མི་ཅིག་ཨིནམ་ད་ གཉིས་པ་ ལོ་༣༧ ཚུན་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ བདག་སྐྱོང་གི་ཉམས་མྱོང་ཡོད་མི་ཚུ་ སྲིད་དོན་ནང་ འབྲེལ་གཏོགས་འབད་དེ་ ལག་ལེན་འཐབ་ནི་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ སྲིད་བྱུས་ དེ་ལས་ འཆར་གཞི་ཚུ་ ལེགས་པའི་ལམ་ཕྱོགས་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འདེམས་ངོ་༢ ཀྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་ སྲིད་དོན་ཚོགས་པ་གིས་ འཆར་གཞི་དང་ གཞི་རྩ་དང་འཁྲིལ་ཏེ་ ཕྱག་ལཱ་གནང་མི་ལུ་ ཡིད་ཆེས་ཡོད་ཟེར་ཨིནམ་ད་ གཞུང་སྐྱོང་ཚོགས་པ་གིས་ གཞི་བཙུགས་མ་འབད་བར་བཞག་མི་དང་ སྲིད་བྱུས་ འཆར་གཞི་བཟོ་མ་ཚུགས་མི་ཚུ་ལུ་ གཙོ་བོ་བཏོན་ཏེ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ལཱ་འབད་ནི་ལུ་ ཁས་བླངས་ཡོད་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment