གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐའ་ཟུར་ལུ་ལཱ་འབད་མི་ ཞི་གཡོགཔ་ཚུ་ལུ་ དཀའ་འཐུས་གནང་དགོ་པའི་ཞུ་བ།

༨/༢/༢༠༡༣   ༉ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་ཚུ་ནང་ ལཱ་འབད་མི་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་དང་ དགེ་དྲུང་ དེ་ལས་ སྲུང་རྒྱབ་ཚུ་ལུ་ དཀའ་འཐུས་འཐོབ་ནི་མེད་པ་ལུ་བརྟེན་ དཀའ་ངལ་ཡོད་ལུགས་ཀྱི་སྐོར་ལས་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ ཚོགས་སྡེའི་ ཁྲི་འཛིན་ཚུ་གི་ ལོ་བསྟར་ཞལ་འཛོམས་ཐེངས་༧ པ་ འཚོགས་པའི་སྐབས་ལུ་ ལ་ཡ་རྒཔོ་གིས་ གསལ་ཞུ་འབད་ཡི།


ཁོ་གིས་ སླབ་མིའི་ནང་ དཔེ་འབད་བ་ཅིན་ ཐིམ་ཕུ་ལས་ ཅ་ཆས་ཚུ་ ག་ཅི་ར་ཨིན་རུང་ གོང་ཚད་དངུལ་ཀྲམ་༥༠ དེ་ཅིག་ གནས་མི་དེ་ ལ་ཡ་ལུ་ལྷོད་པའི་བསྒང་ལས་ དངུལ་ཀྲམ་༡༠༠ གནས་དོ་ཡོདཔ་ལས་ དེ་ལུ་ ཐུགས་བསམ་བཞེས་དགོཔ་འདུག་ཟེར་ཨིན་པས།
མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ ཉེ་བར་མཁོ་བའི་ སྐྱ་ནམ་གོང་ཚད་ཚུ་ མཐོ་དྲགས་པ་གིས་མ་ཚད་ དཀའ་འཐུས་ཚུ་ འཐོབ་ནི་མེད་པའི་བསྒང་ལས་ ལཱ་འབད་མི་ཚུ་ འཐོབ་ནི་ཡང་ ལཱ་ཁག་རྐྱབ་ནི་མས་ཟེར་ ལ་ཡ་རྒཔོ་གིས་ སླབ་ཨིན་པས།
མི་མང་རྩིས་ཞིབ་ཀྱི་ ཡོངས་ཁྱབ་མདོ་ཆེན་ མཆོད་རྟེན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གཞི་རྟེན་ཤེས་ཡོན་གྱི་སློབ་སྟོན་པ་དང་ དགེ་དྲུང་ སྲུང་རྒྱབ་ཚུ་ལུ་ དཀའ་འཐུས་ཚུ་ སྤྲོད་སྲོལ་མེད་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཞི་གཡོགཔ་ཚུ་ལུ་ བྱིན་སྲོལ་ཡོད་མི་དེ་ཡང་ གཅིག་བསྡོམས་དངུལ་ཕོགས་ནང་ལས་ སྤྲོད་དོ་ཟེར ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་ཨིན་པས།
ལ་ཡ་རྒཔོ་གིས་འབད་བ་ཅིན་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཚུ་དང་ རྒེད་དྲུང་ སྲུང་རྒྱབ་ཚུ་ གསར་བཙུགས་འབད་བའི་སྐབས་ ཞི་གཡོགཔ་ཚུ་བཟུམ་སྦེ་ར་ ཁྱབ་བསྒྲགས་འབད་དེ་ བསྐོ་བཞག་གནང་གནངམ་ཨིན་ཟེར་ཨིན་པས།
མ་གཞི་ ཧེ་མ་ བྱིན་སྲོལ་མེད་དེ་འབད་རུང་ ད་ལས་ཕར་ ཁོང་ལུ་ དཀའ་ཐུབ་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་ནི་དེ་གིས་ ཐོབ་ལམ་བཟོ་དགོཔ་འདུག་ཟེར་ཨིན་པས།
མ་གཞི་ སའི་ཆགས་ཚུལ་ལུ་བརྟེན་ སྣུམ་འཁོར་ལམ་ལས་ ས་ཐག་རིང་མི་ལུ་ལྟ་བ་ཅིན་ ལ་ཡ་ལུ་ ལཱ་འབད་མི་ཚུ་ ཞི་གཡོགཔ་ཚུ་ལུ་ དཀའ་འཐུས་ཚུ་ འཐོབ་དགོཔ་ཅིག་ཨིན་རུང་ ད་ལྟོ་ དེ་བཟུམ་མའི་ ཐོབ་དབང་ཚུ་མེདཔ་ལས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤུ་ན་ཁ་ཁྲོམ་ལས་ སྐྱ་ནམ་ཚུ་ ཉོ་སྒྲུབ་འབད་ཞིནམ་ལས་ ལ་ཡ་ལུ་ སྐྱེལ་འདྲེན་འབད་བའི་སྐབས་ རྟ་རེ་ལུ་ གླ་ཆ་དངུལ་ཀྲམ་༡༢༠༠ རེ་སྤྲོད་དེ་ རྟ་༣ བདའ་འགྱོ་བའི་བསྒང་ལས་ ཟླཝ་༡ གི་ དངུལ་ཕོགས་དེ་ རྟའི་གླ་ཆ་ལུ་ར་ རྫོགསཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ག་དེམ་ཅིག་སྦེ་ དཀའ་འཐུས་ཟེར་ ག་ཅི་ཡང་ མ་ཐོབ་པ་ཅིན་ འཚོ་སྐྱོང་འཐབ་ནིའི་ ཟད་འགྲོ་ཡང་ ལང་མ་ཚུགསཔ་བཟུམ་ མཐོངམ་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ རྟ་གླ་མཐོ་དྲགས་པས་ཟེར་མནོ་སྟེ་ ལ་ཡ་ལས་ ཉོ་ཚོང་རྐྱབ་སྟེ་ ཉོ་བཟའ་བ་ཅིན་ ཁྲོམ་ཁའི་ སྐྱ་ནམ་གྱི་གོང་ཚད་ལས་ ལོག་ལྟབ་སྤྲོད་དགོ་པས་ཟེར་ཨིན་པས།
མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ དཀོན་པའི་ཁར་ དཀའ་འཐུས་ཚུ་ཡང་ མ་ཐོབ་པའི་བསྒང་ལས་ ལཱ་ཁག་འདུག་ཟེར་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་གིས་ བཤདཔ་ཨིན་པས།
ལ་ཡ་རྒཔོ་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ དཀའ་འཐུས་ཚུ་ ག་ཅི་ཡང་མ་བྱིན་པར་ དེ་སྦེ་ར་ བཞག་པ་ཅིན་ ཤུལ་ལས་ ས་གནས་ནང་ གོང་འཕེལ་གྱི་ལཱ་འབད་རུང་ ལས་བྱེདཔ་ཚུ་ མ་ཐོབ་པའི་དཀའ་ངལ་ འཐོན་ནི་མས་ཟེར་ཨིན་པས།
གཞུང་གིས་ སྐྱིད་སྡུག་བཟུམ་ཅིག་སྦེ་ ས་ཁ་མཐོ་སར་ ལཱ་འབད་མི་ཞི་གཡོགཔ་ཚུ་ལུ་ ཐོབ་ཁུངས་དུམ་གྲ་རེ་ བཟོ་གནང་པ་ཅིན་ མ་འོངས་པ་ལུ་ ལས་བྱེདཔ་མ་ཐོབ་པའི་ དཀའ་ངལ་མི་འཐོན་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment