གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒཔོ་ཚུ་གི་ ལོ་བསྟར་འཐུས་ ཡར་སེང་འབད་ཡོདཔ།

༧/༢/༢༠༡༣   ༉ ཧེ་མ་འབད་བ་ཅིན་ རྒཔོ་ཚུ་གིས་ ལོ་བསྟར་གྱི་འཐུས་ དངུལ་ཀྲམ་༦,༠༠༠ ཐོབ་སྲོལ་ཡོད་མི་དེ་ ད་ལས་ཕར་ ཟླཝ་༡ གི་དངུལ་ཕོགས་ དངུལ་ཀྲམ་༡༤,༣༥༥ ལུ་ ཡར་སེང་འབད་ཡི། 


དེ་བཟུམ་སྦེ་ དམང་མི་ཚུ་ལུ་ ཧེ་མ་ དངུལ་ཀྲམ་༤,༥༠༠ འབད་མི་དེ་ དངུལ་ཀྲམ་༡༠,༧༦༥ དང་ ཚོགས་པ་ཚུ་ལུ་ དངུལ་ཀྲམ་༥,༠༠༠ བྱིན་ནི་སྦེ་ ཁ་ཙ་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་ ཁྲི་འཛིན་ཚུ་གི་ ལོ་བསྟར་ཞལ་འཛོམས་ཐེངས་༧ པ་ འཚོགས་པའི་སྐབས་ལུ་ གྲོས་ཐག་བཅད་ཡི།
རྒཔོ་ཚུ་ལུ་ ལོ་བསྟར་གྱི་འཐུས་ ཡར་སེང་འབད་མི་དེ་ ག་དེ་སྦེ་ཐག་བཅད་ཡོདཔ་ཨིན་ན་ མ་ཤེས་ཟེར་ ནང་སྲིད་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
མ་གཞི་ རྒཔོ་ཚུ་གིས་ གྲོས་གཞི་བཀོད་མི་དང་འཁྲིལཝ་ད་ ཉིན་བསྟར་གྱི་འཐུས་ཐོབ་དགོཔ་བཟོ་ནི་དང་ ལོ་བསྟར་གྱི་ འཐུས་ཡར་སེང་འབད་དགོཔ་སྦེ་ གྲོས་གཞི་བཀོད་ཡོདཔ་ཨིན་རུང་ ནང་སྲིད་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ ཐག་བཅད་ནི་གི་ དབང་ཚད་མེད་ཟེར་སླབ་ཞིནམ་ལས་ རྒཔོ་ཚུ་ལུ་ ཉིན་བསྟར་གྱི་འཐུས་འཐོབ་ནི་དང་ ལོ་བསྟར་གྱི་ འཐུས་ཡར་སེང་འབད་ནི་ལུ་ གདམ་ཁ་བྱིནམ་ད་ རྒཔོ་ཚུ་གིས་ ལོ་བསྟར་གྱི་ འཐུས་ཡར་སེང་འབད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན།
རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་འཐུས་མི་ཚུ་ གཞུང་འབྲེལ་གྱི་དོན་ལུ་ རྒེད་འོག་ནང་འཁོད་ཀྱི་ ལྟ་སྐོར་སྐབས་ ཉིན་བསྟར་གྱི་འཐུས་དང་ འགྲོ་འགྲུལ་གྱི་འཐུས་ཚུ་ གནང་ཐབས་ཞུ་ནི་དང་ ཚོགས་པ་ཚུ་གཞུང་འབྲེལ་གྱི་དོན་ལུ་ རང་སོའི་རྒེད་འོག་ལས་ ཕྱི་ཁར་འགྱོ་དགོ་པའི་སྐབས་ ཉིན་བསྟར་གྱི་འཐུས་ ཉིནམ་རེ་ལུ་ དངུལ་ཀྲམ་༣༠༠ རེ་ གནང་ཐབས་ཚུ་གི་སྐོར་ལས་ ཆུ་ཁ་དང་ དར་དཀར་ནང་ སྤ་རོ་ བསམ་གྲུབ་མཁར་རྫོང་ཁག་གི་ རྒཔོ་ཚུ་གིས་ གྲོས་གཞི་བཀོད་ཡོད་ཨིན།
དབང་འདུས་རྒཔོ་ ཕུརཔ་རྣམ་རྒྱལ་གྱིས་ བཤད་མི་དང་འཁྲིལཝ་ད་ ཧེ་མ་ རྒཔོ་འགོ་དང་པ་འབད་བའི་སྐབས་ དངུལ་ཕོགས་དངུལ་ཀྲམ་༦,༠༠༠ ཨིནམ་བཞིན་དུ་ ལོ་བསྟར་གྱི་ འཐུས་དེ་ཡང་ དངུལ་ཀྲམ་༦,༠༠༠ རེ་ བྱིན་ནི་ཡོད་ཟེར་ཨིན་པས།
ས་གནས་གཞུང་གི་ བཙག་འཐུ་ལས་གྲུབ་སྟེ་ རྒཔོ་བཀལ་བའི་བསྒང་ལས་ ཟླ་རིམ་དངུལ་ཕོགས་༡༤,༣༥༥ ཐོབ་སྟེ་འབད་རུང་ ལོ་བསྟར་འཐུས་དེ་ དངུལ་ཀྲམ་༦,༠༠༠ སྦེ་བཞགཔ་ད་ དུམ་གྲ་ཅིག་ མི་བཏུབ་པས་ཟེར་ཨིན་པས།
དེ་མ་ཚད་ ཧེ་མའི་ རྒཔོ་ཚུ་གི་སྐབས་ལུ་ ཁྱིམ་ནང་སྡོད་དེ་ ལཱ་འབད་རུང་བཏུབ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ཨིན་ཅི་མིན་ཅི་ ཡིག་ཚང་ནང་ སྡོད་དགོཔ་སྦེ་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་འབད་རུང་ ཐུགས་བསམ་བཞེད་དགོཔ་འདུག་ཟེར་ཨིན་པས།
བཀྲིས་གཡང་རྩེ་ འཇམ་མཁར་རྒཔོ་ ཆོས་སྐྱིད་ཀྱིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལོ་བསྟར་གྱི་འཐུས་ དངུལ་ཀྲམ་༦,༠༠༠ ཐོབ་མི་དེ་ རྒེད་འོག་གི་ ལཱ་གལ་ཅན་ཚུ་འཐོན་པའི་སྐབས་ འགྲོ་འགྲུལ་འབད་མིའི་ནང་ བཏང་དོ་ཟེར་ཨིན་པས།
འཐུས་ཐོབ་མི་དེ་གིས་ ལྷག་ནི་ཕར་བཞག་ འཕྲལ་སྐབས་ར་ རང་གི་ཧེམ་ཅུང་ནང་ལས་བཏོན་ཏེ་ ལག་ལེན་འཐབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཨུ་ར་རྒཔོ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྒཔོ་ལུ་ འགན་ཁུར་མ་འདྲཝ་ ལེ་ཤ་ཡོདཔ་མ་ཚད་ མི་སེར་གྱི་སྟབས་བདེ་སྡུག་སྣ་ཚོགས་ འབད་དགོ་མི་ལུ་བརྟེན་ ལཱ་དང་བསྟུན་པའི་ ཐོབ་ལམ་ཚུ་ ངེས་ལྡན་གནང་དགོཔ་ ཁག་ཆེ་བས་ཟེར་ བཤད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment