གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཚུ་གིས་ སྲིད་ཚོགས་ནང་ བརྩོན་ཤུགས་བསྐྱེད་དགོཔ་གལ་ཆེཝ།

༨/༢/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་འབངས་འབྲུ་ འབྲུག་སྤྱིར་དབང་ཚོགས་པའི་ གྲོས་ཚོགས་ཁང་ནང་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གཞུང་སྐྱོང་ནང་ དཔལ་འབྱོར་གོང་འཕེལ་གྱི་ འཆར་གཞི་དང་ སྲིད་བྱུས་ དེ་ལས་ ཁྲིམས་ལུགས་ཚུ་ བརྩམ་ནིའི་ནང་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་དང་འདྲན་འདྲ་སྦེ་ བཅའ་མར་གཏོགས་དགོཔ་ ཁག་ཆེ་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག།


འབྲུག་སྤྱིར་དབང་ཚོགས་པའི་ ལྟ་བ་དང་ གཞི་རྩ་༢༥ ཡོད་མིའི་གྲས་ལས་ ཨམ་སྲུ་ཚུ་ གཞུང་གི་ སྲིད་བྱུས་བརྩམ་ནི་ཚུ་ནང་ འབྲེལ་གཏོགས་འབད་དགོ་མི་དེ་ཡང་ རྒྱལ་ཡོངས་ཀྱི་ ཨམ་སྲུ་ཚུ་ལུ་ དབང་ཚད་དང་ གུས་ཞབས་ཡོད་པ་ཅིན་ བཟའ་ཚང་ནང་ དགའ་སྐྱིད་འབྱུང་ཚུགས་ནི་ཨིནམ་མ་ཚད་ མི་སྡེ་ནང་ཡང་ ཡུན་བརྟན་གནས་ཚུགས་ནི་དང་ ངན་ལྷད་མར་ཕབ་གཏང་ཚུགས་ནི་ དེ་ལས་ རྒྱལ་ཁབ་ནང་ རང་བཞིན་གྱིས་ ཞི་བདེ་འབྱུང་ཚུགས་ཟེར་ བཀོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞུང་གིས་ ལོ་དག་པ་ཅིག་གི་ཧེ་མར་ འབྲུག་པའི་ཨམ་སྲུ་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་མི་དང་འབྲེལ་ ཤེས་ཡོན་འཕྲོ་མཐུད་ལྷབ་སྦྱང་འབད་བར་ ཕྱིའི་རྒྱལ་ཁབ་ཚུ་ནང་ བཏང་དོ་ཡོདཔ་མ་ཚད་ འཛིན་སྐྱོང་འཐབ་ནིའི་ལས་དོན་ཚུ་ནང་ འབྲེལ་གཏོགས་འབད་ཡོད་རུང་ ལཱ་གཡོག་དང་ ཤེས་ཡོན་གོང་འཕེལ་ གཞུང་གཡོགཔ་ གཡོག་ནང་འཛུལ་ཞུགས་འབད་མི་ གྲོས་བསྟུན་འབད་ནི་ དེ་ལས་ གཞུང་གི་ འཆར་གཞི་དང་ ལས་རིམ་བརྩམ་ནིའི་ནང་ བཅའ་མར་གཏོགས་མི་ ཕོ་སྐྱེས་དང་ཨམ་སྲུ་གཉིས་ཀྱི་བར་ན་ ཁྱད་པར་ལེ་ཤ་ཆགས་ནུག་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གཞུང་གི་སྲིད་བྱུས་ ལམ་ལུགས་ཚུ་ལུ་བརྟེན་ ཕོ་སྐྱེས་དང་ཨམ་སྲུ་༢ ཀྱི་བར་ན་ ལཱ་ག་ཅི་འབད་རུང་ འདྲ་མཉམ་དང་དྲང་བདེན་མིན་འདུག་ཟེར་ཨིན་པས།
གཞུང་གིས་ འཆར་གཞི་ག་ཅི་ར་བརྩམ་རུང་ དེ་ནང་ རྒྱལ་ཡོངས་ཨམ་སྲུ་ཚུ་གིས་ འབྲེལ་གཏོགས་འབད་མི་མེད་པ་ལུ་བརྟེན་ ད་རེས་ནངས་པ་ གཞུང་གིས་ སྲིད་བྱུས་དང་ འཆར་གཞི་ ལས་རིམ་ དེ་ལས་ ལས་འགུལ་སྣ་ཚོགས་འགོ་འདྲེན་འཐབ་མི་ཚུ་ནང་ ཕོ་སྐྱེས་ཙང་ཙ་ ཡོདཔ་ཨིན་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ད་རེས་ནངས་པ་ འབྲུག་པའི་ཨམ་སྲུ་ཚུ་གི་ མི་ཚེའི་ནང་ དོ་འགྲན་སྦོམ་བྱུང་མི་དེ་ཡང་ རྒྱལ་ཁབ་ནང་ ན་གཞོན་བུམོ་ཚུ་ མངམ་སྦེ་ ལཱ་གཡོག་མ་ཐོབ་པའི་ཁར་ སློབ་རིམ་༡༠ པ་དང་༡༢ པ་ལས་ མཐར་འཁྱོལ་མ་ཚུགས་མི་བུམོ་ཚུ་ དབང་བཙོང་ལུས་འབྲེལ་དང་ ལོ་ན་ཆུང་ཀུ་བསྒང་ལས་ ཨ་ལུ་ཆགས་ནི་ ཨ་པ་བཏོན་ནི་མེད་པའི་ཨ་ལུ་སྐྱེ་ནི་ ངོ་སྤྲོད་ལག་ཁྱེར་མེད་མི་ ཤེས་ཡོན་ནང་བཙུགས་མ་ཚུགས་མི་ གཞུང་གཡོག་འབད་རུང་ ཨ་ལུ་བལྟ་ནི་མེད་པའི་དཀའ་ངལ་ དེ་ལས་ ནད་གཞི་ཨེཆི་ཨའེ་བི་ཨེཌསི་གི་ དཀའ་ངལ་ཚུ་ ཐོབ་ནུག་ཟེར་ཨིན་པས།
ཕོ་སྐྱེས་དང་ ཨམ་སྲུའི་བར་ན་ ཁྱད་པར་ལེ་ཤ་ཡོདཔ་ལས་བརྟེན་ འབྲུག་སྤྱིར་དབང་ཚོགས་པའི་ལྟ་བ་ལུ་ ཕོ་མོ་འདྲ་མཉམ་སྦེ་ གཞུང་གི་སྲིད་བྱུས་དང་འཆར་གཞི་ཚུ་ བརྩམ་ནིའི་ནང་ བཅའ་མར་གཏོགས་བཅུག་ནི་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཨིན་ཟེར་ ལི་ལི་དབང་ཕྱུག་གིས་ སླབ་ཨིན་པས།
གནས་ཚུལ་གསར་བཏོན་འབད་མིའི་ནང་ ན་གཞོན་ཚུ་གི་རྒྱུད་ལུ་ ཡོན་ཏན་དང་ རིག་རྩལ་ དེ་ལས་ ཉམས་མྱོང་འཐོབ་བཅུག་ནིའི་དོན་ལུ་ ན་གཞོན་དང་གོང་འཕེལ་ལྷན་ཁག་དང་ ཕོ་མོའི་དབྱེ་བ་དང་ མི་སྡེ་གོང་འཕེལ་ལྷན་ཁག་༢ གཞི་བཙུགས་འབད་ནི་ ཡང་ཅིན་ ཕོ་མོའི་དབྱེ་བ་དང་ ན་གཞོན་ དེ་ལས་ མི་སྡེ་གོང་འཕེལ་ལྷན་ཁག་བཟོ་སྟེ་ གཞི་བཙུགས་འབད་ནི་ལུ་ གཙོ་བོར་བཏོན་འོང་ཟེར་ཨིན་པས།
ད་ལྟོ་ཚུན་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འདེམས་ངོ་༤༦ ཐོན་མིའི་གྲས་ལས་༢༥ བཙག་འཐུ་གྲུབ་ཡོད་རུང་ འདེམས་ངོ་གཞན་ཚུ་ གདམ་འཐུ་འབད་བའི་བསྒང་ཡོདཔ་ཨིན་པས།
ཨིན་རུང་ ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ གཞུང་གི་འགོ་དཔོན་དང་ སྒེར་སྡེ་ ལས་འཛིན་ དེ་ལས་ གཞུང་མིན་ལས་ཚོགས་ཚུ་ནང་ ལཱ་འབད་སྡོད་མི་ཚུ་གིས་ གཞུང་གི་སྲིད་ཚོགས་ཚུ་ནང་ བཅའ་མར་གཏོགས་ནིའི་ རེ་བ་མིན་འདུག་ཟེར་ཨིན་པས།
དེ་ཡང་ ཁོང་གིས་འབད་བ་ཅིན་ སྲིད་ཚོགས་ནང་ དོ་འགྲན་འབད་དེ་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ལེགས་ཤོམ་ཨིན་རུང་ བཙག་འཐུ་ནང་ལས་ ཕམ་སོ་པ་ཅིན་ དཀའ་ངལ་འབྱུང་ནི་ཨིན་པའི་ཚ་གྱང་ལུ་བརྟེན་ཨིན་པས།
རྒྱལ་རུང་ཕམ་རུང་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཏེ་ གཞུང་དང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནི་ཨིན་ཟེར་ བསམ་པ་སེམས་བསྐྱེད་དང་ མནོ་ལུགས་ཚུ་བསྒྱུར་བཅོས་འབད་དེ་ བཅའ་མར་གཏོགས་པ་ཅིན་ རང་གི་མི་ཚེའི་ནང་ ལེགས་ཤོམ་འོང་ནི་ཨིནམ་མ་ཚད་ ལྷག་པར་དུ་ གཞུང་གི་དོན་ལུ་ ཕྱག་ཞུ་ཚུགས་ནི་ཨིནམ་ལས་ ཡོན་ཏན་དང་ ལྕོགས་གྲུབ་ ཉམས་མྱོང་ཡོད་མི་ཚུ་གིས་ བཅའ་མར་གཏོགས་དགོཔ་གལ་ཆེ་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment