![]() |
ཀརྨ་དབང་གྲགས་ཀྱིས་ མདའ་ཕྲང་པའི་བསྒང་། |
དེ་ཡང་ ཐིམ་ཕུ་ལྕང་གླིང་ཐང་ནང་ ལས་སྡེ་དང་ ལས་འཛིན་ གཞུང་ གཞུང་མིན་ཚོགས་པ་ དེ་ལས་ སྒེར་སྡེའི་སྡེ་ཚན་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གིས་ མདའ་དང་གཞུ་ཚུ་ གཅིག་བ་གཅིག་ ལེགསཔ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཧེ་མ་ ལག་ལེན་འཐབ་མིའི་ མདའ་དང་གཞུ་ཚུ་ ལག་ལེན་འཐབ་སར་ མི་མཐོངམ་ཨིན་པས།
མདའ་གཞུ་ཚུ་ བཟོ་བའི་སྐབས་ དཀའ་ངལ་ལེ་ཤ་འབྱུང་མི་དེ་ཡང་ སྐྱེས་ལོ་༥༡ ལང་མི་ ཀརྨ་དབང་གྲགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབདཝ་ད་ བཅའ་མར་གཏོགས་མི་ཚུ་གིས་ མདའ་གཞུ་ཚུ་ གཅིག་བ་གཅིག་དྲགཔ་སྦེ་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ ལོ་༥ ལྷགཔ་ཅིག་སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༡༩༨༥ ལས་འགོ་བཙུགས་ སྤྱི་ལོ་༢༠༡༣ ཚུན་ ཁོ་གིས་ གཞུ་ ༤,༠༠༠ ལྷགཔ་ཅིག་ ཚོང་འབྲེལ་འཐབ་པའི་ཁར་ མདའ་ཆ་༤,༠༠༠ ལྷགཔ་ཅིག་ ཚོང་འབྲེལ་འཐབ་ཅི་ཟེར་ཨིནམ་ད་ ཁོ་ར་ གཞུང་གི་ངལ་གསོ་དང་ དུས་ཚོད་ལེགས་ཤོམ་ཐོབ་པའི་སྐབས་ མདའ་གཞུ་ཚུ་བཟོ་སྟེ་ ཚོང་འབྲེལ་འཐབ་མི་གིས་ དངུལ་ཀྲམ་འབུམ་༡ ལྷགཔ་ཅིག་བཟོ་ཡི་ཟེར་ཨིན་པས།
རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ནང་ ལཱ་འབད་མི་ ཀརྨ་དབང་གྲགས་ཀྱིས་ གཞུ་བཟོ་ནིའི་ གཞུ་ཤིང་ཨང་དང་པ་དེ་ སྤུ་ན་ཁ་རྫོང་ཁག་དང་ ཆུ་ཁ་རྫོང་ཁག་ རྟ་རྦབ་འགྲམ་སྟོད་ལུ་ སྐྱེས་མི་ཚུ་ཨིན་ཟེར་ཨིནམ་ད་ ས་གནས་དེ་ཁའི་ གཞུ་ཤིང་ཚུ་ གཞན་དང་མ་འདྲཝ་སྦེ་ཡོད་ཟེར་ཨིན་པས།
འདས་པའི་ལོ་༥ འི་ཧེ་མ་ ས་གནས་ཁར་སྡོད་མི་ཚུ་ལུ་ མཁོ་མངགས་འབདཝ་བཞིན་དུ་ དུས་ཚོད་ཁར་ ཐོབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ གཞུ་ལག་ལེན་འཐབ་མི་ལེ་ཤ་ཐོན་མི་ལུ་བརྟེན་ གཞུ་ཤིང་ལེགས་ཤོམ་འཐོབ་ཚུགས་ནི་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
གཞུ་ངོ་མ་བཟོ་ནི་ལུ་ དུས་ཡུན་ཟླཝ་ལྷགཔ་ཅིག་ འགོར་དོ་ཡོད་མི་དེ་ གཞུ་ཤིང་བཏོག་ཞིནམ་ལས་ ལེགས་ཤོམ་སྦེ་སྐམ དགོ་ནི་དེ་གིས་ཨིནམ་ད་ གཞུ་གཅིག་བཟོ་ཚར་ནི་ལུ་ ཉིནམ་གཅིག་འགོར་དོ་ཡོདཔ་ལས་ ལཱ་འཇམ་ཏོང་ཏོ་ཅིག་མེན་པས།
འདི་དང་འདྲཝ་སྦེ་ མདའ་ལེགས་ཤོམ་དགོཔ་འདྲཝ་ཅིག་འབད་བ་ཅིན་ དབང་འདུས་རྫོང་ཁག་ བྱ་ལ་ ཨུ་ལ་ལས་ཐོན་མི་ ཚར་གྱི་མིང་ ཡངས་ཀ་ཟེར་མི་དེ་ ཨང་དང་པ་དང་ ཨང་གཉིས་པ་དེ་ སཱམ་ཟེར་མི་ཚར་གྱིས་བཟོ་མི་དང་ ཨང་གསུམ་པ་དེ་ ཐིམ་ཕུ་ལྕམ་སྒང་དང་ དབང་འདུས་དགའ་གསེང་ལོགས་ བཀྲིས་གཡང་རྩེ་ དེ་ལས་ ཆུ་ཁ་རྫོང་ཁག་ཚུ་ནང་ལས་ ཐོན་མི་ཚུ་གིས་ བཟོ་མི་ཚུ་ཨིན་པས།
ཀརྨ་དབང་གྲགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ མདེའུ་ཡངས་ཀ་གིས་ བཟོ་མི་དེ་ གནམ་མེད་ས་མེད་བཟོ་རྣམ་ཚུ་ བཟོ་མ་དགོ་པའི་ཁར་ ཡངས་ཁྲོས་ཁྲོས་ཡོདཔ་མ་ཚད་ མདའ་རྐྱབ་ད་ལུ་ རྡོ་གུ་ཕོག་རུང་ དེ་འཕྲོ་ལས་མེདཔ་འགྱོ་མ་བཏུབ་པའི་ ཁེ་ཕན་སྦོམ་ཡོདཔ་ལས་ མདའ་རྐྱབ་མི་ཚུ་གིས་ མཁོ་མངགས་འབད་མི་ལེ་ཤ་ཐོན་རུང་ ཡངས་ཀ་འཐོབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ དོ་འགྲན་སྦོམ་འདུག་ཟེར་ཨིན་པས།
ལྷག་པར་དུ་ ཡངས་ཀ་གིས་བཟོ་མིའི་མདའ་གུ་ བྱ་མདངས་ཕོ་སྒྲོ་བཀལ་ཏེ་ཡོད་པ་ཅིན་ མདའ་རྒྱུག་ཐངས་ར་ གཞན་དང་མ་འདྲཝ་སྦེ་ ཡོདཔ་བཞིན་དུ་ བབ་སྒྲོ་དང་ ལེ་ཀོའི་སྒྲོ་ དེ་ལས་ བྱ་གཞན་ཚུ་གི་སྒྲོ་ཚུ་ བྱ་མདངས་ཀྱི་སྒྲོ་བཟུམ་སྦེ་ ལེགས་ཤོམ་སྦེ་ མི་རྒྱུགཔ་ཨིན་པས།
རི་ཁའི་ནོར་རྫིཔ་ཚུ་གིས་ བྱ་མདངས་ཀྱི་སྒྲོ་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་རུང་ སྤྱིར་བཏང་ མི་ཚུ་གིས་ མི་འཐོབ་དོ་ཡོདཔ་ལས་ མདེའུ་ཡངས་ཀ་གུ་ལུ་ བྱ་མདངས་སྒྲོ་བཀལ་མི་ མདའ་ཆ་རེ་ལུ་ རིན་གོང་དངུལ་ཀྲམ་༣༠,༠༠ ལྷགཔ་ཅིག་སྦེ་ བཙོང་དོ་ཟེར་ ཀརྨ་དབང་གྲགས་ཀྱིས་ སླབ་ཨིན་པས།
པདྨ་བཟང་མོ་གིས་ སླབ་མིའི་ནང་ དབང་འདུས་དང་ སྤུ་ན་ཁ་ལས་ ཨ་རྒས་ཅིག་གིས་ མདའ་དང་གཞུ་བཙོང་ནིའི་དོན་ལུ་ འབག་མི་ཚུ་ གཞུ་རེ་ལུ་ དངུལ་ཀྲམ་༡༥༠ ལས་༢༠༠ འི་བར་ན་ སྤྲོད་མི་ཚུ་ མོ་གིས་ དངུལ་ཀྲམ་༢༥༠ ལས་༣༠༠ འི་བར་ནང་སྦེ་ བཙོང་དོ་ཟེར་ཨིནམ་ད་ ཉོ་མི་ཡང་ སློབ་ཕྲུག་དང་ ས་གནས་ཁག་ཚུ་ནང་ རྩེད་འགྲན་འབད་མི་ཚུ་ ཨིན་ཟེར་ཨིན་པས།
བཀྲིས་བདེ་ལེགས་ཚོང་ཁང་ནང་ཡང་ ཞག་སྒྲོ་དང་ སྤྱི་སྒྲོ་གིས་ བཟོ་མི་མདའ་ཚུ་ དངུལ་ཀྲམ་༡༥༠༠ དང་ གཞུ་ཚུ་ དངུལ་ཀྲམ་༣༥༠ སྦེ་ ཚོང་འབྲེལ་འཐབ་ཡོདཔ་མ་ཚད་ ཕྱིའི་ལྟ་བཤལཔ་ཚུ་གིས་ཡང་ ཉོ་འབགཔ་མས་ཟེར་ ཇོ་བདག་གིས་ སླབ་ཨིན་པས།
ཨིན་རུང་ ལྕང་གླིང་ཐང་ནང་སྦེ་ རྩེད་འགྲན་འབད་མི་ཚུ་གིས་ མདེའུ་ཡངས་ཀ་གུ་ བྱ་མདངས་ཀྱི་སྒྲོ་བཀལ་མི་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ལས་ ག་ར་གིས་ འདི་ཚུ་རུ་ མཁོ་མངགས་འབདཝ་མས་ཟེར་ཨིན་པས།
རང་ལུགས་ཀྱི་མདའ་དང་གཞུ་ཚུ་ སྤྱིར་བཏང་འབྲུག་པའི་མདའ་རྩེདཔ་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ ཁོང་ར་ གཡུས་སྒོ་ཚུ་ནང་ གཞུ་ཤིང་དང་ མདེའུ་ཡངས་ཀ་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་མི་ཡང་ ལེ་ཤ་ཡོདཔ་ཨིན་རུང་ བྱ་མདངས་སྒྲོ་དང་ བབ་སྒྲོ་ ལེ་ཀོའི་སྒྲོ་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་ སྦོམ་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment