གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་འབྱོར་གྱི་གནས་སྟངས་ལུ་ བསྐྱིན་འགྲུལ་གྱིས་ ཕན་ཁྱད།

༩/༢/༢༠༡༣   ༉ ན་ཧིང་ གནམ་ལོ་ཆུ་ཕོ་འབྲུག་ལོའི་ནང་ ཕྱི་རྒྱལ་ཁབ་ལས་ ཏི་རུ་ལེ་ཤ་ཅིག་ར་ བསྐྱིན་འགྲུལ་ལེན་ཐོག་ལས་ ཟད་འགྲོ་བཏང་དགོཔ་ ཐོན་ཡོདཔ་ཨིན་པས།
ལོ་དེ་ནང་ རྒྱལ་ཡོངས་ཀྱི་བསྐྱིན་འགྲུལ་ ཡར་སེང་སོང་བའི་ཁར་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ སྐྱ་རྣམ་གྱི་གོང་ཚད་ཡར་སེང་ དངུལ་བརྗེ་སོར་གྱི་ཚད་ཞི་ལུ་བསྒྱུར་བཅོས་ དེ་ལས་ ནང་འདྲེན་འབད་མི་དང་ ཕྱིར་ཚོང་འཐབ་མི་༢ ཀྱི་བར་ན་ ཚད་ལྡན་མེད་པའི་དཀའ་ངལ་ ལེ་ཤ་ཅིག་ར་བྱུང་ནུག།



རྒྱལ་ཁབ་ཀྱི་དཔལ་འབྱོར་ནང་ ན་ཧིང་ སྤྱི་ཟླ་༡༢ པ་ཚུན་ལུ་ རུ་པི་དུང་ཕྱུར་༡༧.༥ བསྐྱིན་འགྲུལ་ལེན་དགོཔ་ཐོན་ཡོདཔ་ད་ བསྐྱིན་འགྲུལ་ཡོངས་བསྡོམས་དེ་ རྒྱལ་གར་ལུ་ གློག་མེ་ཕྱིར་ཚོང་འཐབ་སྟེ་ ལོ་བསྟར་བཞིན་དུ་ འོང་འབབ་ཀྱི་ ཡོངས་བསྡོམས་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ མཐོཝ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་ནམ་ དངུལ་ཁང་ལྟེ་བ་གིས་ སྤྱི་ཟླ་༣ པའི་ནང་ རུ་པི་ཚུ་ རྒྱལ་ཁབ་ཕྱི་ཁར་འགྱོ་མི་ལས་ བཀག་ཆའི་ཐབས་ལམ་ཚུ་བཏོན་ཡོདཔ་ད་ དེ་དང་གཅིག་ཁར་ བཟོ་སྐྲུན་དང་ སྐྱེལ་འདྲེན་གྱི་དོན་ལུ་ བསྐྱིན་འགྲུལ་གསརཔ་བྱིན་ནི་ བཀག་ཆ་འབད་ཡོདཔ་ཨིན་པས།
བཀག་ཆ་འབད་མི་ལུ་བརྟེན་ སྒེར་སྡེ་བཟོ་སྐྲུན་ལཱ་གི་གྲུབ་འབྲས་ཚུ་ མར་བབས་སོང་ཡོདཔ་ད་ ཐིམ་ཕུ་ལུ་ཡོད་པའི་ སྣུམ་འཁོར་འགྲེམས་སྟོན་ཁང་ཚུ་ ཚོང་སྒྱུར་གྱི་ བསྒྱུར་བཅོས་སོང་བའི་ གནད་དོན་ཡང་ཐོན་ནུག།
སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ལ་ལུ་ཅིག་གིས་ དཔལ་འབྱོར་མར་ཉམས་འགྱོ་མིའི་གནས་སྟངས་ནང་ ཡུན་བརྟན་གནས་ཐབས་ཀྱི་དོན་ལུ་ ལས་བྱེདཔ་གི་གྱངས་ཁ་ཚུ་ མར་ཕབ་འབད་ཡོདཔ་ཨིན།
བཀག་ཆ་མ་འབད་བའི་སྐབས་ལུ་ སྒེར་གྱི་དངུལ་ཁང་ལ་ལུ་ཅིག་གིས་ འདས་པའི་ལོ་ཚུ་ནང་ ཚད་ལས་བརྒལ་བའི་ བསྐྱིན་འགྲུལ་བྱིན་མི་ལུ་བརྟེན་ འདས་པའི་ལོ་ནང་ བསྐྱིན་འགྲུལ་བྱིན་ནི་ལུ་ ཏི་རུ་མ་ལང་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་འཛིན་གྱིས་ རྒྱལ་ཁབ་ཀྱི་ ས་མཚམས་ས་གནས་ཚུ་ནང་ཡོད་པའི་ འབྲུག་པའི་དངུལ་ཁང་ནང་ རྒྱ་གར་ཚོང་པའི་རྩིས་ཁྲ་ བཞག་མ་ཆོགཔ་བཟོ་མི་དང་འཁྲིལ་ ཏི་རུ་དུང་ཕྱུར་དག་པ་ཅིག་ར་ བཏོན་འབག་སོང་བའི་ཤུལ་ལུ་ དངུལ་ཁང་ཚུ་ནང་ ཏི་རུ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་མར་ཕབ་འབད་ནིའི་དོན་ལུ་ བསྐྱིན་འགྲུལ་སྐྱེད་ཀྱི་ཚད་གཞི་ ཡར་སེང་འབད་ཡོདཔ་ད་ གསོག་འཇོག་སྐྱེད་ཀྱི་ཚད་གཞི་ཡང་ ཡར་སེང་འབད་ཡོདཔ་མ་ཚད་ དངུལ་ཁང་ཅིག་གིས་ ཨ་ལུ་ཚུ་གི་དོན་ལུ་ དངུལ་གསོག་འཇོག་འབད་ནིའི་ལམ་ལུགས་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་འོང་འབབ་ལས་ཡང་ལྷག་པའི་ བསྐྱིན་འགྲུལ་ལེན་དགོཔ་ཐོན་ཡོདཔ་ད་ ཚར་ཅིག་ རྒྱལ་ཁབ་ནང་འཁོད་ཀྱི་ཐོན་སྐྱེད་ལས་ དུང་ཕྱུར་༤ གིས་ལྷག་པའི་ བསྐྱིན་འགྲུལ་ཚུ་ ལེན་དགོཔ་བྱུང་ནུག།
ཨིན་རུང་ དཔལ་འབྱོར་གོང་འཕེལ་དེ་ འདས་པའི་ལོ་གི་ གོང་འཕེལ་ཚད་གཞི་ དངུལ་ཀྲམ་དུང་ཕྱུར་༤༥ འབད་ས་ལས་ དུང་ཕྱུར་༤༩ ལུ་ ཡར་སེང་སོང་མི་ལུ་བལྟ་བ་ཅིན་ ཐེར་འབུམ་༥ གིས་ གོང་འཕེལ་སོང་ཡོད་པའི་ གསལ་སྟོན་བྱུང་ནུག།
རྒྱལ་ཁབ་ནང་ ཚོང་འབྲེལ་ནང་འདྲེན་དང་ ཕྱིར་ཚོང་འཐབ་མི་གཉིས་ཀྱི་ཁྱད་པར་དེ་ཡང་ དངུལ་ཀྲམ་ས་ཡ་༢༠ གིས་ ནང་འདྲེན་འབད་མི་ མཐོ་སུ་སྦེ་གནས་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ཀྱི་ གྲོས་བསྟུན་འབད་དོན་ལུ་ ངོ་རྐྱང་དང་ སྡེ་ཚན་ཚུ་ཡང་ བཟོ་ཡོད་པའི་ཁར་ ཁྲལ་གྱི་ཐབས་ལམ་དང་ བཟོ་སྐྲུན་ལས་སྡེ་ཚུ་ ལམ་ལུགས་དང་ལྡནམ་སྦེ་བཟོ་དགོཔ་ གསོག་འཇོག་འབད་བཞག་མིའི་ ཌོ་ལར་ཚུ་ རུ་པིའི་དོན་ལུ་བཙོང་དགོཔ་ ཌོ་ལར་ཚུ་ ནང་འཁོད་ཀྱི་དོན་ལུ་ ལག་ལེན་འཐབ་ནི་ མར་ཕབ་རྐྱབ་དགོཔ་ དེ་ལས་ སོ་ནམ་ལྷན་ཁག་ ཡར་རྒྱས་གཏང་དགོ་པའི་ གྲོས་བསྡུར་ཚུ་འབད་ཡོདཔ་ཨིན་པས།
ན་ཧིང་ སྐྱ་རྣམ་གོང་ཚད་ བརྒྱ་ཆ་༡༠.༩ ལུ་ ཡར་སེང་སོང་མི་དེ་ སྤྱི་ལོ་༢༠༠༣ ལས་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ ཁྲོམ་ཚུ་ནང་ ཚུལ་མིན་ཐོག་ལས་ རུ་པི་དང་ དངུལ་ཀྲམ་བརྗེ་སོར་གྱི་ཚད་གཞི་ བརྒྱ་ཆ་༢༠ གིས་ མར་འབབ་སོང་མི་དང་འཁྲིལ་ དམིགས་བསལ་ ཚོད་བསྲེ་དང་ མར་ཁུ་ དེ་ལས་ ཤིང་འབྲས་དང་ བཟོ་སྐྲུན་ཅ་ཆས་ཀྱི་གོང་ཚད་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
རུ་པི་དང་ ཌོ་ལར་ བརྗེས་སོར་གྱི་ཚད་གཞི་ བསྒྱུར་བཅོས་བྱུང་མི་དང་འཁྲིལ་ སྣུམ་འཁོར་གྱི་ མར་ཁུའི་གོང་ཚད་ཚུ་ཡང་ ཡར་སེང་སོང་ཡོདཔ་བཞིན་དུ་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥ དེ་རེ་ ཡར་སེང་སོང་ཡོདཔ་ཨིན།
རྒྱལ་ཁབ་ནང་ རུ་པི་ཐོན་སྐྱེད་འབད་མི་ གློག་མེ་ལས་འགུལ་ལུ་ཡང་ གནོད་སྐྱོན་བྱུང་བའི་ཁར་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ འོང་འབབ་དངུལ་ཀྲམ་དུང་ཕྱུར་ལས་བཅད་དེ་ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་གི་ ཚོང་འབྲེལ་བ་སྦོམ་ཤོས་ཅིག་ཨིན་མི་ རྒྱ་གར་རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༧ ལས་འགོ་བཙུགས་ དཔལ་འབྱོར་གྱི་གནས་སྟངས་ཚུ་ མར་འབབ་འགྱོ་བའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
ཌོ་ལར་རེ་ལུ་ དངུལ་ཀྲམ་༥༠ ལས་༥༥ འི་བར་ན་ བསྒྱུར་བཅོས་སོང་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ ཌོ་ལར་རེ་ལུ་ རུ་པི་༥༥ རེ་ སྤྲོད་དགོཔ་ཨིན་པས།
འབྲུག་ལོ་དེ་ མཇུག་བསྡུ་རན་པའི་སྐབས་ བསྐྱིན་འགྲུལ་གྱི་བསྐྱེད་ མར་ཕབ་ཐོག་ལས་ རུ་པི་དུང་ཕྱུར་༩.༥ བསྐྱིན་འགྲུལ་ཐོབ་ཡོདཔ་ད་ བསྐྱིན་འགྲུལ་དེ་ ཧེ་མ་ སྐྱེད་བརྒྱ་ཆ་༡༠ རེ་སྦེ་ བསྐྱིན་འགྲུལ་ལེན་མི་ཚུ་ ལོག་བཏབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment