གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྲིད་བློན་པོའི་རྩོད་དོན་ མཐའ་བསྡོམས་སྙན་གསན་ནང་ལྷོད་ཡོདཔ།

༨/༢/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༢ པའི་ཚེས་༦ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་བར་ན་ སྒྲུབ་བྱེད་སྙན་གསན་མཛདཔ་ད་ རྩ་ཕན་གཉིས་ཆ་ར་གིས་ ཁུངས་བཀལ་ཏེ་ སྒྲུབ་བྱེད་ཚུ་ གསལ་སྟོན་འབདཝ་ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ཚོད་ ཁྲིམས་འདུན་ནང་ར་ ལུས་སོ་ཡི།


ནང་སྲིད་བློན་པོའི་ རྒྱབ་མི་གིས་ ཞུ་མིའི་ནང་ སྤྱི་ལོ་༡༩༨༧ གནང་མི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ཁྲོམ་ས་བགོ་བཀྲམ་འབད་ནིའི་ དབང་ཚད་དེ་ ཚོགས་ཆུང་ཡོད་མི་དེ་ཡང་ བཀའ་རྒྱ་དེ་ནང་ རྒྱལ་ཡོངས་ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ གཞུང་གི་ཁྲིམས་ལུགས་ཅིག་ སྤེལ་ཞིནམ་ལས་ བགོ་བཀྲམ་འབད་ནི་ཟེར་ འཁོད་དེ་ཡོདཔ་ལས་ སྤྱི་ལོ་༡༩༩༡ ལུ་གནང་མི་ ཡི་གུ་དང་འཁྲིལ་ མཛད་ནུག་ཟེར་ཨིནམ་ད་ བཀའ་རྒྱ་དང་ ཡི་གུ་༢ གཅིག་ཁར་ལྷག་དགོ་ཟེར་ཞུ་ཡི།
དེ་འབདཝ་ད་ སྤྱི་ལོ་༡༩༨༧ གྱི་བཀག་རྒྱ་ནང་ ཁྲོམ་ས་དེ་ གཞུང་གིས་ ལམ་ལུགས་ཅིག་ མ་བཟོ་ཚུན་ཚོད་ ས་ཆ་ཏོག་ལེབ་གང་ཡང་ གནང་མི་ཆོག་པའི་ཁར་ ལམ་ལུགས་ཅིག་ བཟོ་ཞིནམ་ལས་གནང་རུང་ ལམ་ལུགས་དང་མ་འཁྲིལ་བར་ བགོ་བཀྲམ་མ་འབད་བ་ཅིན་ གོང་གི་བཀའ་རྒྱ་དང་འགལཝ་མས་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ བཤད་ཅི།
དྲང་དཔོན་གྱིས་འབད་བ་ཅིན་ བཀའ་རྒྱ་ཚུ་ ཡང་བསྐྱར་དུ་ མཇལ་ལྟཝ་ད་ དང་པ་ར་ གཞུང་གིས་ ལམ་ལུགས་ཅིག་ མ་སྤེལ་ཚུན་ ས་ཆ་དེ་ རྩ་ལས་གནང་མ་ཆོགཔ་སྦེ་ ཡོད་པའི་ཁར་ སྤེལ་ཏེ་འབད་རུང་ ལམ་ལུགས་དང་མ་འཁྲིལ་བར་ བགོ་བཀྲམ་འབད་བ་ཅིན་ མ་སྤེལ་མི་དང་ ཅོག་འཐད་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ དཔེ་ཆ་མ་ལྷབ་པར་ མཐར་འཁྱོལ་མ་ཚུགས་མི་དང་ དཔེ་ཆ་ལྷབ་རུང་ མཐར་འཁྱོར་མ་ཚུགས་མི་༢ གནས་རིམ་༡ ཨིན་ཟེར་བཤད་ཅི།
རྒྱབ་མི་གིས་འབད་བ་ཅིན་ གོང་གི་བཀའ་རྒྱ་དང་ ལམ་ལུགས་ཚུ་དང་ མ་འགལ་བར་ བགོ་བཀྲམ་འབད་ཡོདཔ་མ་ཚད་ འབྲུག་གི་ཁྲོམ་སྡེ་ལས་འཛིན་གྱི་བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་ འབད་ཡོད་པའི་ཁར་ བཅའ་ཁྲིམས་ཀྱི་དོན་ཚན་༦༣ དང་འཁྲིལ་ རྒྱལ་པོའི་ཞིང་གི་ ཁྲོམ་སྡེ་འཆར་གཞི་ལ་སོགས་པ་ཚུ་བརྩམས་ཏེ་ གཞུང་གིས་ཆ་གནས་འབད་ཡོདཔ་ལས་ ཚོགས་ཆུང་དེ་ ཆ་གནས་ཅན་གྱི་ཚོགས་ཆུང་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་པོའི་ཞིང་གི་ ས་ཆའི་དོན་ལུ་ ཞུ་ཡིག་༡༥༢ བཙུགས་ཡོད་མི་དེ་ཡང་ བློན་པོ་མི་འགྱུར་རྡོ་རྗེའི་སྐབས་ལུ་མེན་པར་ ཧེ་མའི་རྫོང་བདག་གི་སྐབས་ལུ་ བཙུགས་ཡོདཔ་བཞིན་དུ་ ས་ཆ་གཞུང་གིས་ བཞེས་པའི་སྐབས་ལུ་ ས་ཚབ་དགོ་མི་ལུ་ ས་ཚབ་དང་ འཐུས་དགོ་མི་ལུ་ འཐུས་སྤྲོད་ནུག་ཟེར་ རྒྱབ་མི་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ས་ཆ་ཐོབ་མི་ཚུ་ གཞུང་གིས་བཀོད་མི་ ལམ་ལུགས་དང་འཁྲིལ་ ཐོབ་ཡོདཔ་མ་གཏོགས་ ལམ་ལུགས་དང་མ་འཁྲིལ་བར་ ཐོབ་ཐོབ་མིན་འདུག་ཟེར་ཨིནམ་ད་ བློན་པོ་མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་ མ་བཞུགས་པའི་ཧེ་མ་ལས་ ས་ཆ་ལན་ཐེངས་༣ དེ་ཅིག་ བགོ་བཀྲམ་འབད་ཚར་ཡོདཔ་ལས་ ཁོ་གི་སྐབས་ ས་ཆ་མ་ཐོབ་མི་ མི་རྩ་བོ་༣ དེ་ཅིག་མ་གཏོགས་མ་ལུས་པས་ཟེར་ཨིན་པས།
ས་ཆ་ཚུ་ ཚུལ་མཐུན་སྦེ་ སྤྲོད་ཚར་བའི་ སྒྲུབ་བྱེད་དེ་ཡང་ སྤྱི་ལོ་༢༠༠༣ གྱི་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ གྲོས་ཆོད་ནང་བཏོན་ནུག་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ བློན་པོ་མི་འགྱུར་ རྫོང་བདག་སྦེ་ ལྷོད་པའི་སྐབས་ གནས་སོར་སོང་མི་ རྫོང་བདག་ལྷམ་རྡོ་རྗེ་གིས་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་དེ་ གཞུང་གི་ལམ་ལུགས་དང་འཁྲིལ་འབད་ཡོདཔ་ལས་ ཚོང་པ་ཚུ་གིས་ཚོང་ཁང་དང་ ས་གནས་ཁར་ སྡོད་མི་ཚུ་གིས་ སྡོད་ཁྱིམ་ཚུ་ཡང་ རྐྱབ་ཅི་ཟེར་ བཀོད་ཡོདཔ་ལས་ ནང་སྲིད་བློན་པོ་གིས་ གཞུང་གི་ཁྲིམས་ལུགས་ལས་འགལ་བའི་ ལཱ་རྩ་ལས་ མ་འབད་བའི་ སྒྲུབ་བྱེད་བཀོདཔ་ཨིན་ཟེར་ རྒྱབ་མི་གིས་ཞུ་ཡི།
དེ་མ་ཚད་ ཞུ་ཡིག་བཙུགས་མི་༡༥༢ ཀྱིས་ བློན་པོ་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ས་ཆའི་དོན་ལུ་བཅར་བའི་ ཁྲིམས་མཐུན་ཡིག་ཆ་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒྲུབ་བྱེད་ག་ནི་ཡང་ བཏོན་མ་ཚུགས་ཟེར་ཨིནམ་ད་ ལྷན་ཚོགས་ཀྱིས་ འབྲས་སྤུངས་རྒཔོ་བགྲེསཔ་ པདྨ་ཚེ་དབང་གིས་ ད་ལྟོ་ཚུན་ ཞུ་ཡིག་བཙུགས་ཡོད་རུང་ ས་ཆ་ཐོབ་མ་ཚུགས་ཟེར་བའི་ ངག་བརྗོད་དེ་ སྒྲུབ་བྱེད་སྦེ་ བཀོད་མི་དེ་ལུ་ རྒྱབ་མི་གིས་འབད་བ་ཅིན་ རྒཔོ་བགྲེསཔ་གིས་ ཞུ་ཡིག་བཙུགས་མི་དེ་ ད་རེས་ནངས་པ་ ས་ཆའི་གོང་ཚད་ཡར་སེང་འགྱོ་མི་དང་བསྟུན་ཨིན་མས་ཟེར་ཞུ་ཡི།
རྒྱབ་མི་གིས་འབད་བ་ཅིན་ ཞུ་ཡིག་ཚུ་ཡང་ཚར་ཅིག་ བཙུགས་པའི་ཤུལ་ལུ་ བསྐྱར་གསོ་འབད་དེ་ མ་བཙུགས་པ་ཅིན་ ཟླ་ཚེས་ཚུ་བཀོད་ཡོད་པའི་ ཚེས་གྲངས་ལས་ འབྱིད་པའི་བསྒང་ལས་ དོན་སྟོང་ཨིན་པའི་ཁར་ རྒྱལ་པོའི་ཞིང་གི་ ས་ཆ་དེ་ ལན་ཐེངས་༣ བགོ་བཀྲམ་འབད་ཚར་ཡོདཔ་ལས་ ལོག་ལྟ་དགོཔ་མིན་འདུག་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ ཉེས་དོགས་པ་གིས་ ཁོ་གི་སྐབས་ལུ་ ཆའི་ཞུ་ཡིག་བཙུགས་མི་༣ ལས་བརྒལ་མེད་པའི་ སྣང་བ་ཤར་ནི་མི་འོང་ཟེར་ཨིནམ་ད་ ཁྱབ་བསྒྲགས་ལ་སོགས་པ་ ག་ནི་ཡང་མེད་པར་ ས་ཆ་བགོ་བཀྲམ་འབད་ནིའི་ ལམ་ལུགས་ཡང་མེདཔ་བཟུམ་སྦེ་ ཁུ་སིམ་སི་སྦེ་ སྤྲོད་མི་དེ་ དབང་ཚད་ལོག་སྤྱོད་འབད་བའི་ རྟགས་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ ད་ལྟོ་ ཁྲིམས་འདུན་ལུ་ཕུལ་མི་ ཡིག་ཆ་ཚུ་ཡང་ རྫོང་ཁག་བདག་སྐྱོང་ལས་ ཐོབ་ཡོདཔ་མ་གཏོགས་ འབྲས་སྤུངས་གཡུས་ཚན་ལས་འཚོལ་ཏེ་ ཕུལ་ཕུལཝ་མེན་ཟེར་ ཞུ་བའི་ཁར་ ས་ཆ་བགོ་བཀྲམ་དེ་ ཧེ་མ་ལས་ མཇུག་བསྡུ་ནུག་ཟེར་ སླབ་པ་ཅིན་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ ག་གིས་ཡང་ མ་ཤེསཔ་སྦེ་ ས་སྤྲོད་མི་དེ་ ངན་ལྷད་གྲངས་སུ་ མི་ཚུད་ནི་ཨིན་ན་ཟེར་ ཞུ་ཡོདཔ་ད་ ས་ཆ་སྤྲོད་ནི་ཨིན་པ་ཅིན་ གཞུང་གི་ལམ་ལུགས་དང་འཁྲིལ་ རྣམ་དག་དང་ དྭངས་གསལ་ཐོག་ལུ་ སྤྲོད་དགོ་ཟེར་ཞུ་ཡི།
བློན་པོ་མི་འགྱུར་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ མཐའ་བསྡོམས་སྙན་གསན་དེ་ སྤྱི་ཟླ་༢ པའི་ཚེས་༡༨ ལུ་ མཛད་ནི་ཨིནམ་ད་ རྒྱལ་པོའི་ཞིང་གི་ འཁྲུན་ཆོད་དེ་ སྤྱི་ཟླ་༢ པའི་ཚེས་༢༥ དེ་ཅིག་ཁར་ གནང་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment