གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་རབ་ཀྱིས་ སྲིད་ཚོགས་ཀྱི་དོན་ལུ་ དགོངས་ཞུ་འབད་ཡོདཔ།

༩/༢/༢༠༡༣    ༉ ཀྲོང་གསར་རྫོང་ཁག་ནང་ ལོ་༣ ལྷགཔ་ཅིག་གི་རིང་ རྫོང་རབ་སྦེ་ཕྱག་ཞུ་མི་ འཆི་མེད་རྡོ་རྗེ་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡ ལུ་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་མི་དེ་ཡང་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཞིནམ་ལས་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་དོན་ལུ་ཨིན་པས།


སྐྱེས་ལོ་༥༦ ལང་མི་ འཆི་མེད་རྡོ་རྗེ་གིས་ སྤུ་ན་ཁ་རྫོང་ཁག་ གླིང་མུ་ཁ་དང་ སྟོད་ཝང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོ་གིས་ ཞི་གཡོག་ནང་ ལོ་ངོ་༣༤ ཕྱག་ཞུ་བའི་ཤུལ་ལུ་ ད་རེས་ དགོངས་ཞུ་འབད་མི་དེ་ཡང་ གཙོ་བོ་ར་ མི་སེར་གྱི་སྐྱིད་སྡུག་ཚུ་ ལེགས་ཤོམ་སྦེ་ བལྟ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་དགོ་མི་དེ་ཡང་ ཚོགས་པའི་ལྟ་བ་ དབང་ཚད་ཕྱིར་སྤེལ་ལུ་ ཡིད་ཆེས་ཡོད་ནི་དེ་གིས་ ཨིན་ཟེར་བཤད་པའི་ཁར་ གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ལྟ་བ་དེ་དང་འཁྲིལ་ ཁོ་གིས་ རྒྱལ་ས་ལུ་ཡོད་པའི་ ལྷན་ཁག་དང་ ལུང་ཕྱོགས་ཀྱི་ཡིག་ཚང་ཚུ་ རྫོང་ཁག་སོ་སོ་ཚུ་ནང་ གཞི་བཙུགས་འབད་ནི་ལུ་ ཤུགས་བཏོན་ནི་ཨིན་ཟེར་ཨིན་པས།
ད་རེས་ ལྷན་ཁག་དང་འབྲེལ་བའི་ཡིག་ཚང་ཚུ་ མང་ཤོས་ར་ རྒྱལ་ས་ལུ་ཡོད་ནི་དེ་གིས་ རྒྱལ་ཁབ་ནང་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འོང་མི་དང་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ ལཱ་གཡོག་མ་ཐོབ་མི་དང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ གནད་དོན་དེ་ལུ་བརྟེན་ཏེ་ཐོན་པའི་ཁར་ སྲིད་བྱུས་དེ་གིས་ ལུང་ཕྱོགས་དང་ རྫོང་ཁག་ཚུ་ འདྲ་མཉམ་སྦེ་ གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་ཡོད་ཟེར་ཨིན་པས།
གལ་སྲིད་ ལུང་ཕྱོགས་དང་ རྫོང་ཁག་ཚུ་ནང་ རྒྱལ་ཁབ་ཀྱི་རྒྱུ་དངོས་དང་ གོ་སྐབས་འདྲན་འདྲ་ བགོ་བཤའ་རྐྱབ་གཏང་པ་ཅིན་ ས་ཁོངས་ཅིག་ནང་ མི་སྤུངས་འཛོམས་མ་འབད་བའི་བསྒང་ལས་ ཁྲོམ་དང་འབྲེལ་བའི་དཀའ་ངལ་ཚུ་ རང་བཞིན་གྱིས་ བསལ་ཚུགས་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་ དུས་ཅི་ བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ རྣམ་རྒྱལ་དབང་ཕྱུག་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཌོག་ཊར་ རྟ་མགྲིན་རྡོ་རྗེ་དེ་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་ནང་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་སྦེ་ དོ་འགྲན་འབདཝ་ད་ བཙག་འཐུ་མ་གྲུབ་ནི་དེ་གིས་ འབྲུག་མཉམ་རུབ་ཚོགས་པ་ནང་ འཛུལ་ཡོདཔ་ཨིན་པས།
འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་ འདེམས་ཁོངས་ནང་ལས་ དོ་འགྲན་འབད་མི་༢ ཡོད་རུང་ ཁོ་གིས་ བཙག་འཐུ་འགྲུབ་ཚུགས་པའི་ རེ་བ་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་ཡིད་ཆེས་ཡོད་པའི་ཁར་ ཁོ་ར་ སྲིད་དོན་ནང་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ གཡུས་ཁའི་ གོ་ཤེས་ཉན་ཤེས་ཚུ་གིས་ སེམས་ཤུགས་བསྐྱེད་བཅུག་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཉམས་མྱོང་ལས་འབད་བ་ཅིན་ ཁོ་གིས་ སློབ་གྲྭའི་དབུ་འཛིན་སྦེ་ ལོ་༧ དང་ རྫོང་ཁག་ཤེས་རིག་འགོ་དཔོན་སྦེ་ ལོ་༡༠ ཕྱག་ཞུ་ནི་དེ་གིས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ སློབ་གྲྭ་དང་ རྫོང་ཁག་གི་ གནས་ཚད་ནང་ཡོད་པའི་ ཤེས་རིག་གི་མཁས་མཆོག་ཚུ་ལུ་ མ་དངུལ་སྤྱོད་ནིའི་དབང་ཚད་བྱིན་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིན་པས།
དེ་ཡང་ ད་རེས་ སློབ་ཕྲུག་ཨ་ལུ་ཚུ་ རིག་པ་འཕེལ་ནིའི་ལས་རིམ་དང་ སྲིད་བྱུས་གསརཔ་ ལག་ལེན་འཐབ་ནིའི་ མནོ་བསམ་བཏང་རུང་ མ་དངུལ་སྤྱོད་ནིའི་ དབང་ཚད་མེདཔ་ལས་ ལཱ་འབད་མ་ཚུགས་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཤེས་རིག་གི་ལམ་ལུགས་ བསྐྱར་གསོ་འབད་དགོཔ་འདུག་ཟེར་ཨིན་པས།
ད་རེས་ མ་དངུལ་སྤྱོད་ནིའི་དབང་ཚད་དེ་ གཞུང་ལྟེ་བ་ལུ་མ་གཏོགས་ རྫོང་ཁག་གི་ གནས་ཚད་ནང་ཡོད་མི་ དཔེ་འབད་བ་ཅིན་ རྫོང་ཁག་ལས་ཚན་འགོ་དཔོན་ཚུ་ལུ་ མེད་པའི་སྐབས་ ལཱ་དུས་ཚོད་ཁར་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
མ་གཞི་ འཆི་མེད་རྡོ་རྗེ་གིས་ ཁོ་རའི་གཡུས་ཁ་ལས་ སློབ་རིམ་༥ པ་ མཐར་འཁྱོལ་བའི་ཤུལ་ལས་ གནམ་དགུན་གྱི་ ངལ་གསོའི་ སྐབས་ལུ་མ་གཏོགས་ འཕྲལ་འཕྲལ་འོང་མ་ཚུགས་རུང་ ཁོ་གིས་འབད་བ་ཅིན་ མི་སེར་གྱི་དཀའ་ངལ་ ཤེས་ནིའི་དོན་ལུ་ དུས་ཚོད་མངམ་མི་དགོ་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ འཕྲལ་མགྱོགས་ར་ སྤུ་ན་ཁ་རྫོང་ཁག་ནང་འགྱོ་ཞིནམ་ལས་ འཆར་གཞི་ལས་རིམ་ཚུ་ བལྟ་ནི་ཨིན་པའི་ཁར་ འདེམས་ཁོངས་ལྟ་སྐོར་འབད་ནིའི་ལཱ་ཚུ་ཡང་ འགོ་བཙུགས་ནི་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་ ཕ་རཱནསི་རྒྱལ་ཁབ་ལས་ ཤེས་རིག་འཆར་གཞི་དང་ འཛིན་སྐྱོང་གི་ཤེས་ཡོན་ནང་ གཙུག་ལག་འོག་མིའི་ ཤེས་ཚད་མཐར་འཁྱོལ་ནུག།
ཁོ་གིས་ སྤྱི་ལོ་༡༩༨༩ ལུ་ བསམ་རྩེ་ལས་ བཟོ་རིག་གི་ ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ སློབ་དཔོན་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཐར་འཁྱོལ་བའི་ཤུལ་ལས་ ལོ་ངོ་མང་རབས་ཅིག་ སློབ་དཔོན་སྦེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
མ་གཞི་ ཨ་ལུ་༥ གི་ ཨ་པ་ཨིན་མི་ འཆི་མེད་རྡོ་རྗེ་གི་རང་བཞིན་དེ་ མི་དང་གཅིག་ཁར་ བློ་གནམ་མེད་ས་མེད་ཅིག་ སླབ་ནི་མེད་རུང་ ད་ལས་ཕར་ ཤུགས་བཏོན་ནི་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་དང་གཅིག་ཁར་ བློ་སླབ་ཐོག་ལས་ འབྲེལ་བ་མ་འཐབ་པ་ཅིན་ མི་སེར་གྱི་སྐྱིད་སྡུག་ཚུ་ ལེགས་ཤོམ་སྦེ་ ཤེས་མི་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment