གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་ཚུ་ལུ་ དམངས་གཙོའི་བྱ་རིམ་ནང་ བཅའ་མར་ཧྲིལ་བུམ་གཏོགས་དགོ་པའི་སེམས་ཤུགས།

༦/༢/༢༠༡༣  རྒཔོ་ཚུ་ལུ་ རྒེད་འོག་ཚོགས་སྡེའི་ གྲོས་གཞི་བརྩམ་ནིའི་འགན་འཁྲི་ཡང་ཡོདཔ།
༉ ཁ་ཙ་ ཐིམ་ཕུ་ལྷན་འཛོམས་ལྟེ་བའི་ནང་ རྫོང་ཁག་༢༠ འི་རྒཔོ་༢༠༥ དང་ མཇལ་ཕྲད་གནངམ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་འགོ་འདྲེན་འཐབ་རན་མིའི་ནང་ མི་སེར་གྱིས་ བཅའ་མར་གཏོགས་དགོཔ་དེ་ གལ་ཆེ་བའི་སྐོར་ གསུངས་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་ ཁྲི་འཛིན་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།


ཁྱེད་རྒཔོ་ཆ་ཁྱབ་ རྒྱལཔོ་ང་རའི་ སྐུ་ཚབ་སྦེ་ ཁྱེད་རའི་གཡུས་ཚན་ཚུ་ནང་ ལོག་འགྱོ་ཞིནམ་ལས་ མི་སེར་ཚུ་ལུ་ དམངས་གཙོའི་བྱ་རིམ་ནང་ བཅའ་མར་ཧྲིལ་བུ་གཏོགས་དགོ་པའི་ སེམས་ཤུགས་བསྐྱེད་ཐོག་ལས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་དེ་ མཐར་འཁྱོལ་ཅན་བཟོ་དགོ་ཟེར་ མི་དབང་མངའ་ཞབས་མཆོག་གིས་ བཀའ་སློབ་གནང་ཡི།
མི་དབང་མཆོག་གིས་ བཙག་འཐུའི་སྐབས་ རྒཔོ་ཚུ་གིས་ མི་སྡེའི་ནང་འཁོད་ལུ་ མི་སེར་ཚུ་ ཁག་དབྱེ་སྟེ་ མ་འགྱོ་བར་ ཨ་རྟག་བཟུམ་སྦེ་ འཆམ་མཐུན་སྦེ་ སྡོད་ནི་ཡོདཔ་ཅིག་ ངེས་བརྟན་བཟོ་དགོ་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ ང་བཅས་ཆ་ཁྱབ་ འབྲུག་ལུ་ སྐྱེས་མི་ལུ་བརྟེན་ སྐལ་བ་བཟང་མི་དེ་ཡང་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ མི་སེར་གྱི་ འཚོ་བའི་གནས་སྟངས་ཡར་དྲག་སྦོམ་སོང་སྟེ་ཡོདཔ་མ་ཚད་ ཞི་བདེ་དང་ ཉེན་སྲུང་དང་ལྡནམ་སྦེ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཏེ་ཡོདཔ་ཨིན་རུང་ འདི་ཚུ་ལུ་ བློ་བདེ་སྟེ་ སྡོད་ནི་མི་འོང་ཟེར་ཨིན་པས།
མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ ཕྱག་ཞུ་ཐངས་ལུ་གཟིགས་ཏེ་ མི་དབང་མངའ་ཞབས་མཆོག་ ཐུགས་མཉེས་དང་ ཐུགས་ངལ་རངས་ཡོད་ལུགས་ རྒཔོ་ཚུ་གིས་སྦེ་ མི་སེར་ཚུ་ལུ་ བཀའ་སྐྱོར་དགོཔ་སྦེ་ གསུངས་གནང་ཡི།
དེ་གི་ཧེ་མར་ ན་གཞོན་གོང་འཕེལ་མ་དངུལ་གྱི་ ཞལ་འཛོམས་ཁང་ནང་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་ ཁྲི་འཛིན་ཚུ་གི་ ལོ་བསྟར་ཞལ་འཛོམས་ཐེངས་༧ པ་ འགོ་འབྱེད་འབད་བའི་སྐབས་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ད་ལྟོའི་ གཞུང་གིས་ ལོ་༥ འི་འཆར་གཞི་༡༡ པའི་ ཟིན་བྲིས་བཀོད་མི་དེ་ ཧྲིལ་བུམ་སྦེ་ ཆ་འཇོག་འགྲུབ་ནི་ཨིན་ན་ ཡང་ཅིན་ ཆ་མེད་གཏང་ནི་ཨིན་ན་ གཞུང་གསརཔ་ལུ་ དབང་ཚད་ཧྲིལ་བུ་ཡོད་ཟེར་ གསུངས་ཡི།
རྒེད་འོག་ཚོགས་སྡེའི་ གྲོས་གཞི་བརྩམ་ནིའི་ འགན་འཁྲི་དེ་ རྒཔོ་ཚུ་ལུ་ ཕོག་ནི་དེ་གིས་ མནོ་བསམ་རྒྱ་ཆེར་བཏང་ཐོག་ལས་ བརྩམ་དགོཔ་དེ་ གལ་ཆེ་བའི་ཁར་ གཡུས་ཁར་སྡོད་མི་ཚུ་ལུ་ སྟབས་མ་བདེཝ་ག་ཅི་ཡོདཔ་ཨིན་ན་དང་ གཞུང་གི་ཁ་ཐུག་ལས་ འབད་ཚུགསཔ་ག་ཅི་འདུག་གའི་སྐོར་ལས་ ནན་ཞིབ་ཐོག་ འཆར་གཞི་ཚུ་ བརྩམ་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྒེད་འོག་ཚུ་ནང་ ལཱ་གི་གྲུབ་འབྲས་ངོ་མ་དེ་ རྒཔོ་ཚུ་གིས་ བཏོན་དགོཔ་ལས་ འགན་ཁུར་ངེས་ཏིག་ རྒཔོ་ཚུ་ལུ་ ཕོགཔ་ཨིན་ཟེར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ རྒཔོ་ཚུ་གིས་ ལཱ་ག་དེམ་ཅིག་ རྩ་འགེངས་ཏེ་འབད་རུང་ མི་སེར་ཚུ་གིས་ སྐྱོན་བཏགས་ནི་དེ་ ལས་ཀྱིས་ར་ འཐོན་འོང་ཟེར་ཨིནམ་ད་ སྐྱོན་བརྗོད་ཚུ་ ལཱ་འབད་མི་ལུ་མ་གཏོགས་ ལཱ་མ་འབད་མི་ལུ་ བཏགས་དགོཔ་མེད་ཟེར་ གསུངས་ཡི།
དེ་འབདཝ་ལས་ རྒཔོ་ཚུ་གིས་འབད་རུང་ སྐྱོན་བཏགསཔ་མས་ཟེར་མནོ་སྟེ་ རྒྱབ་བཤུད་རྐྱབ་སྡོད་པ་ཅིན་ འཐུས་ཤོར་བའི་གྲངས་སུ་ ཚུད་ནི་ཨིནམ་ད་ མི་སེར་ཚུ་གིས་ ག་དེ་སྦེ་ར་སླབ་རུང་ རྒྱབ་སྐྱུར་ནི་མེན་པར་ ག་དེ་དྲག་དྲག་ ཞབས་ཏོག་ཚུ་ འབད་བྱིན་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྒེད་འོག་ནང་ མི་སེར་ཚུ་གིས་ ཁོང་རའི་ དགོས་མཁོ་ཚུ་ མཁོ་མངགས་འབད་བའི་སྐབས་ལུ་ རྒཔོ་ཚུ་གི་ འགན་ཁུར་དེ་ རྒྱལ་ཁབ་གཅིག་གི་ མི་སེར་ག་ར་ ཅོག་འཐདཔ་ཨིནམ་ལས་ གོ་སྐབས་འདྲ་མཉམ་ཐོག་ལས་ སྤྲོད་དགོ་ཟེར་ཨིན་པས།
རྒཔོ་ཚུ་གིས་ རྒེད་འོག་ག་ཏེ་ལུ་ སྐྱིད་སྡུག་ག་ཅི་བཟུམ་ཅིག་ ཕོག་དོ་ཡོདཔ་ཨིན་ན་ དབྱེ་བ་ལེགས་ཤོམ་སྦེ་དཔྱད་དེ་ མཐུན་རྐྱེན་དང་ གོ་སྐབས་ཚུ་ འདྲ་མཉམ་སྦེ་ སྤྲོད་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལོ་༥ འི་འཆར་གཞི་༡༡ པའི་ནང་ གནད་དོན་གལ་ཅན་ ག་ཅི་ར་ ཚུད་ཡོདཔ་ཨིན་ན་ཟེར་བ་ཅིན་ རྒེད་འོག་ལྟེ་བ་ཚུན་གྱི་ སྣུམ་འཁོར་ལམ་ཚུ་ རྩི་གནག་གཏང་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
མ་གཞི་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ ལོ་༥ འི་ནང་འཁོད་ནང་ལུ་ ག་དེ་དྲག་དྲག་ སེལ་ཐབས་འབད་ནི་ཨིན་ཟེར་གསུངས་ཡི།
སྤྱི་ལོ་༢༠༠༨ ལུ་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་འགོ་དང་པ་ དབུ་བརྙེས་པའི་སྐབས་ལུ་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༣.༧ ཡོད་མི་དེ་ ལོ་༥ འི་ཤུལ་ལས་ དུས་ཅི་འབདཝ་ད་ བརྒྱ་ཆ་༢.༡ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གི་དམིགས་གཏད་དང་འཁྲིལཝ་ད་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ བརྒྱ་ཆ་༢.༥ ལུ་ མར་ཕབ་འབད་ནི་ཨིན་རུང་ བརྒྱ་ཆ་༢.༡ ལུ་ མར་ཕབ་འབད་ཚུགས་མི་དེ་ལུ་ གནམ་མེད་ས་མེད་ སེམས་དགའ་ཡི་ཟེར་ གསུངས་ཡི།
ཨིན་རུང་ སྤྱི་ཚོགས་ཀྱི་ བཙག་འཐུ་རན་དོ་ཡོདཔ་ལས་ རྒཔོ་ཚུ་གིས་ འགན་ཁུར་གང་དྲག་འབག་སྟེ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ ལཱ་ཚུ་འབད་དགོ་ཟེར་ བློན་ཆེན་གྱིས་ རྒཔོ་ཆ་མཉམ་ལུ་ དྲན་གསལ་གནང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment

Post a Comment