གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྲག་སྟེང་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༢༣/༡/༢༠༡༣   ༉ ཐར་པ་གླིང་གྲྭ་ཚང་གི་ དགེ་སློང་བགྲེསཔ་ཚུ་གིས་སྦེ་ ཆུ་སྨད་རྒེད་འོག་ནང་ འགོ་དང་པ་ ཀློང་ཆེན་མཐུན་འབྲེལ་ཚོགས་པ་ཟེར་ ལོ་བསྟར་བཞིན་དུ་ ཀུན་མཁྱེན་ཀློང་ཆེན་གྱི་རྗེས་དྲན་ལུ་ དུས་མཆོད་བཟུང་སྲོལ་ཡོད་མིའི་དོན་ལུ་ མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ཡོད་མི་དེ་ སྤྱི་ཟླ་དང་པའི་ཚེས་༢༡ ལུ་ མཐའ་བཅད་འགྲན་བསྡུར་འབད་ཡི།
མདའ་རྩེད་ནང་ལས་ ཨང་དང་པ་ཐོན་མི་ བྲག་སྟེང་སྡེ་ཚན་ཚུ།

ས་གཏེར་ལག་ལེན་གྱིས་ མཐའ་འཁོར་གནས་སྟངས་ལུ་ ཉམས་ཆག་འབྱུང་ཉེན་ཡོདཔ།

༢༣/༡/༢༠༡༣   ༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ རང་བཞིན་མཐའ་འཁོར་གནས་སྟངས་ སྙན་ཞུ་ཟིན་བྲིས་དང་འཁྲིལཝ་ད་ འབྲུག་ལུ་ བཟོ་གྲྭ་གོང་འཕེལ་དང་ དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་ལུ་བརྟེན་ ས་གཏེར་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ རྒྱ་ཆེ་དྲགས་སྦེ་ ཡར་སེང་འགྱོ་མི་གིས་ མཐའ་འཁོར་གྱི་ སའི་གནས་སྟངས་ལུ་ ཉམས་ཆག་སྦོམ་བྱུང་ཡོདཔ་སྦེ་ གསལ་བཀོད་འབད་ནུག།

གནས་ཚུལ་མདོར་བསྡུས།

༢༣/༡/༢༠༡༣
ད་རེས་ནངས་པ་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་ གཞུང་ལམ་བདའ་སྟེ་ བྱ་ནད་ཨེཆི་ཝཱན་ཨེན་ཝཱན་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལུ་ སྣུམ་འཁོར་ཚུ་གུ་ སྨན་ཆུ་གཏོར་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་ ནམ་མཁའ་གླིང་གཡུས་ཚན་ནང་ བྱ་ཚུ་ལུ་ ནད་གཞི་ཨེཆི་ཝཱན་ཨེན་ཝཱན་ ཟུན་མི་ལུ་བརྟེན་ ཁྱིམ་གུང་༤༦ གི་ བྱ་༣༩༦ ལྷགཔ་ཅིག་ བསད་དགོཔ་བྱུང་ཡོདཔ་ཨིན་པས།
ད་རེས་ ཉེན་སྲུང་གི་དོན་ལུ་ བྱ་ནད་ཐོན་སའི་ ས་ཁོངས་ནང་ལས་ བྱ་དང་འབྲེལ་བའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་སྒྱུར་འཐབ་ནི་ལས་ བཀག་དམ་འབད་ཡོད་པའི་གནས་ཚུལ།

ཡོན་ཕུ་ལ་ལས་ རྒྱ་གར་ལུ་ འཕུར་འགྲུལ་གྱི་འོས་འབབ།

༢༣/༡/༢༠༡༣   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བཀྲིས་སྒང་གི་མི་སེར་དང་ ཞི་གཡོགཔ་ ཚོང་པ་ཚུ་དང་གཅིག་ཁར་ སྤྱི་ཟླ་དང་པའི་ ཚེས་༡༩ ལུ་ ཞལ་འཛོམས་འཚོགས་གནང་པའི་སྐབས་ བྱ་སྟབས་བདེ་དྲགས་འབྱུང་པ་ཅིན་ བཀྲིས་སྒང་ ཡོན་ཕུ་ལ་ལས་ རྒྱ་གར་ཨ་སམ་ལུ་ གནམ་གྲུ་འཕུར་འགྲུལ་གྱི་ ཞབས་ཏོག་འགོ་བཙུགས་ནི་ཟེར་གསུངས་ཡི།

བྱང་སྟོར་ཤོར་མི་ སློབ་ཕྲུག་བུཚ་ཅིག་ ཤིང་གུ་ལས་མར་དཔྱངས་ཏེ་ ཤི་ཡོདཔ།

༢༣/༡/༢༠༡༣   ༉ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ སྐྱེས་ལོ་༢༡ ལང་མི་བུཚ་ཅིག་ སྤྱི་ལོ་༢༠༡༢ ཟླ་༡༠ པའི་ཚེས་༢༢ ལུ་ བྱང་སྟོར་ཤོར་ཏེ་ ཟླཝ་༣ གྱི་རྒྱབ་ལས་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ བྱང་འདུས་མཁར་ཀའི་ ནགས་ཚལ་ནང་ ཤིང་གུ་ལས་མར་དཔྱངས་ཏེ་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།

མོང་སྒར་ཁྲིམས་འདུན་གྱིས་ བརྒལ་ལན་སྙན་གསན་ཚུ་ རིམ་བཞིན་མཛད་པའི་བསྒང་ཡོདཔ།

༢༣/༡/༢༠༡༣   ༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༨ དེ་ཅིག་ལུ་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྙན་གསན་ཚུ་ རིམ་པ་བཞིན་དུ་ མཛད་པའི་བསྒང་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འཐུས་མི་ཚུ་གི་བར་ན་ རྩོད་བཤེར་འབད་ནི་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ཁྲིམས་ཁང་།

གནས་ཚུལ་མདོར་བསྡུས།

༢༣/༡/༢༠༡༣  
ཁ་ཙ་ ཆུ་འཛོམས་དང་ སྤ་རོའི་གཞུང་ལམ་བར་ན་ སྣུམ་འཁོར་ཀཱར་ ཨཱལ་ཊོ་ཅིག་ མགུ་མཇུག་སློག་མིའི་ནང་ ཕོ་སྐྱེས་ཅིག་ལུ་ རྨ་སྐྱོན་དུམ་གྲ་ཅིག་བྱུང་ཡོདཔ་ད་ སྤ་རོའི་ སྣུམ་འཁོར་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ ཤུགས་ཚད་གུ་བཏང་ནི་དེ་གིས་ རྐྱེན་ངན་བྱུང་བྱུངམ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྒེར་སྡེ་ཚུ་གིས་ རང་སོའི་ལས་བྱེདཔ་ཚུ་ འཛིན་སྐྱོང་འཐབ་ནི་ལུ་དོ་འགྲན།

༢༣/༡/༢༠༡༣   ༉ ཉིན་གྲངས་༡༠ གྱི་རིང་ ཐིམ་ཕུ་ལུ་སྦེ་ སྒེར་གྱི་ཆེ་རིམ་དང་ ཆུང་རིམ་ཚོང་སྡེ་ཚུ་ལས་ མི་སྟོབས་ཐོན་སྐྱེད་འགོ་དཔོན་༢༧ དེ་ཅིག་གིས་ རང་སོའི་ ཚོང་ལས་ཁང་ཚུ་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དང་ མི་སྟོབས་ཐོན་སྐྱེད་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་བཟོ་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་འབད་མི་དེ་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

གསོ་བའི་ཉེན་བཅོལ་གྱིས་ དགེ་སློང་ཚུ་ལུ་ ཕན་ཁྱད་འབྱུང་ནི།

༢༣/༡/༢༠༡༣   ༉ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ གཞུང་གྲྭ་ཚང་ལུ་ ཕན་ཐབས་ཀྱི་དོན་ལུ་ གསོ་བའི་ཉེན་བཅོལ་ལས་རིམ་ཅིག་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ གཞུང་གྲྭ་ཚང་གི་ དགེ་སློང་༨,༠༠༠ དེ་ཅིག་གིས་ གསོ་བའི་ཉེན་བཅོལ་འབད་དེ་ ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༢/༡/༢༠༡༣
དགེ་ལེགས་ཕུག་ལུ་ ཉིན་གྲངས་༣ འབད་མི་ ཏ་ལི་གྲྭ་ཚང་གི་ ལོ་བསྟར་ཚེས་བཅུ་དེ་ ཁ་ཙ་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ཐོག་ལས་ གྲོལ་ཡོད་པའི་གནས་ཚུལ།

མི་དབང་མངའ་ཞབས་མཆོག་ རྒྱ་གར་ལུ་ རྒྱལ་ཁམས་གཟིགས་སྐོར།

༢༢/༡/༢༠༡༣   དེ་ཡང་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ མགྲོན་བརྡ་ཕུལ་མི་དང་བསྟུན་ཨིན་པས།
༉ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི་གིས་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྐུ་ཞག་༧ གྱི་དོན་ལུ་ ནངས་པ་ ནིའུ་ལྡི་ལི་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།
དུས་སྟོན་བརྩི་སྲུང་གི་དོན་ལུ་ དམག་འཐབ་མཚོན་འཁོར་ཚུ་ གྲ་སྒྲིག་འབད་བའི་བསྒང་།

ངང་ལམ་གྱི་ ས་ཆའི་ཞིབ་དཔྱད་སྙན་ཞུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ།

༢༢/༡༡/༢༠༡༣   ཁྱིམ་གུང་༥༡ གི་ མི་སེར་ཚུ་གིས་ ཉོགས་བཤད་བཀོད་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ནུག།
༉ པདྨ་དགའ་ཚལ་ངང་ལམ་དྲུང་ཁག་ནང་ གཞུང་དབང་ས་ཆ་ སྒེར་དབང་ལུ་ བསྒྱུར་བཅོས་འབད་མི་དང་ ཚུལ་མིན་གྱི་སྒོ་ལས་ ས་ཆའི་རྒུད་འཐུས་སྤྲོད་སྤྲོདཔ་དང་ ས་ཚབ་ཁྲོམ་ཁ་ལས་སྤྲོད་མི་ དེ་ལས་ ཁྲམ་ནང་ཡོད་མི་ལས་ལྷག་སྟེ་ ས་འཆང་མི་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ ཚུལ་མིན་ལག་ལེན་ཚུ་ནང་ འབྲེལ་གཏོགས་ཡོད་པའི་མི་ཚུ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ ཉེས་འཛུགས་མ་འབད་ཚུན་ཚོད་ ག་ནི་ཡང་ སླབ་ནི་མེད་ཟེར་ ཡིག་ཚང་དེ་ལས་ ཁྲིམས་རྩོདཔ་ཅིག་གིས་ སླབ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ཡང་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ཚུ་ བརྡ་བརྒྱུད་ལུ་ བརྗེ་སོར་འབད་མ་བཏུབ་རུང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ངང་ལམ་དྲུང་ཁག་གི་དོན་ལུ་ ཁྲོམ་གསརཔ་ངོས་འཛིན་འབད་ཡོད་མི་ རིན་ཆེན་ཐང་ལུ་ མི་ངོ་སོ་སོའི་མིང་ཐོག་ལུ་ ས་ཆ་ཌིསི་དག་པ་ཅིག་ལས་མེད་མི་ཚུ་ ཨེ་ཀར་སྦེ་ ཡར་སེང་སོང་ཡོདཔ་མ་ཚད་ ས་འཇལ་འགོ་དཔོན་ཅིག་གི་ བཟའ་ཚང་གི་ མིང་ཐོག་ལུ་ ཕ་གཞིས་ཨེ་ཀར་༢༢ ལས་མེད་རུང་ ཨེ་ཀར་༤༦ ལྷགཔ་ཅིག་ལུ་ ཡར་འཕར་སོང་མི་ཚུ་ག་ར་ བཟའ་ཚང་གི་ འཐུས་མི་སོ་སོ་ལུ་བགོ་སྟེ་ ཁྲམ་རྐྱབ་ཚར་ཡོདཔ་ཨིན་པས།
ས་ཆའི་རྩོད་རྙོགས་དེ་ཡང་ ལོ་༣ ལྷགཔ་ཅིག་གི་ཧེ་མར་ ངང་ལམ་ནོར་བུ་སྒང་རྒེད་འོག་གི་ གཡུས་ཚན་༥ གི་ ཁྱིམ་གུང་༥༡ གི་ སྒེར་དབང་ས་ཆ་ཚུ་  ཁྲོམ་གསརཔ་དང་ མ་ནཱསི་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་དོན་ལུ་ གཞུང་བཞེས་བཏང་པའི་ཤུལ་ལས་ ས་ཚབ་ཨེ་ཀར་༧༤.༤༣ མ་ཐོབ་མི་དང་ གཞུང་ས་ཚུ་ ཧ་ལས་སི་སི་སྦེ་ སྒེར་དབང་ས་ཆ་ལུ་ བསྒྱུར་བཅོས་སོང་ཡོདཔ་མ་ཚད་ ཧེ་མར་ རིན་ཆེན་ཐང་ཁྲོམ་སྡེའི་ས་ཁོངས་ནང་ ས་ཆ་ཌིསི་དག་པ་ཅིག་མེད་མི་ཚུ་ ཨེ་ཀར་སྦེ་ ཡར་སེང་སོང་མིའི་སྐོར་ལས་ ཉོགས་བཤད་བཀོད་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་གི་ལོ་ནང་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
ས་ཚབ་མ་ཐོབ་མི་ མི་སེར་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དོན་ཚན་༩ བཀོད་དེ་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ནང་ ནོར་བུ་སྒང་གི་ གུང་པ་༥༡ གི་ས་ཆ་ཨེ་ཀར་༧༤ལྷགཔ་ཅིག་ སྤྱི་ལོ་༢༠༠༥ ལུ་ མ་ནཱསི་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ ཚུད་ཡོདཔ་ངེས་བདེན་ཨིན་རུང་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ ས་འཇལ་འགོ་དཔོན་དག་པ་ཅིག་གིས་ ཚུལ་མིན་གཡོ་སྒྱུ་ལག་ལེན་འཐབ་སྟེ་ ས་ཚབ་མ་ཐོབ་པར་ཡོད་མི་དེ་ རྒྱུ་རྐྱེན་ག་ཅིག་ཨིན་ན་ ཞིབ་དཔྱད་མཛད་གནང་ཟེར་ བཀོད་ཡོདཔ་ཨིན་པས།
ད་རུང་ མི་ཚུ་གིས་ ཁ་ཉེས་བཀལ་མིའི་ནང་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ ས་འཇལ་འགོ་དཔོན་ཅིག་དང་ མགུ་མཐུད་དེ་ གཞུང་ས་ཨིན་མི་ པོ་ཏ་ན་ལའི་ ནགས་ཚལ་ཨེ་ཀར་༡༠༠ དེ་ཅིག་ ས་འཇལ་པ་གིས་ འཇལ་ཞིནམ་ལས་ ས་ཆ་ལྷན་ཚོགས་ཡིག་ཚང་ནང་ ས་རིན་དངུལ་ཀྲམ་༥༠༠,༠༠༠ ལྷགཔ་ཅིག་སྤྲོད་དེ་ ཁོ་རའི་གནས་ཚང་དང་ སྤུན་ཆ་༤ གི་ མིང་ཐོ་ལུ་ ས་ཆ་ཨེ་ཀར་༢༠ རེ་ ཁྲམ་གསརཔ་རྐྱབ་སྟེ་འདུག་ཟེར་བཀོད་ནུག།
ས་འཇལ་པའི་ ནང་མི་༥ གི་མིང་ཐོ་ཁར་ ཁྲམ་རྐྱབ་མི་ ས་ཆ་དེ་ གཞུང་ས་ངེས་བདེན་ཨིནམ་ལས་ ཧེ་མ་ལས་ བཟའ་སྤྱོད་འབད་བའི་ ས་ཆ་ལས་ ཐེབས་ཐོན་ཐོནམ་རྩ་ལས་མེན་རུང་ ཤུལ་ལས་ རྒཔོ་དང་ བདག་སྐྱོང་ ཚོགས་པ་ཚུ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ ཁོང་རྩ་བོ་༥ གིས་ བཟའ་སྤྱོད་འབད་དེ་ཡོད་པའི་ ས་ཐེབས་ཨིནམ་སྦེ་ བཀོད་ནུག་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ མོང་སྒར་རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ཁར་ཚུད་མི་ སྒེར་དབང་ས་ཚབ་སྤྲོད་ལེན་ནང་ རྒཔོ་བགྲེསཔ་དང་ དྷི་ཟ་མའི་ སྤྱི་མི་བགྲེསཔ་༢ ཁ་འཐབ་སྟེ་ ས་ཚབ་ཚུལ་མཐུན་སྦེ་ བྱིན་མ་བཏུབ་ཟེར་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
མི་སེར་གུང་པ་༥༡ གི་ས་ཆ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་པའི་ ས་ཚབ་ཚུ་ཡང་ རིན་ཆེན་ཁྲོམ་ས་ལས་ གནང་ཐབས་ཅིག་དང་ སྤྱི་ལོ་༢༠༠༥ ཚུར་བཅད་ཀྱི་ ས་ཁྲམ་ཚུ་ ཞིབ་དཔྱད་མཛད་དེ་ ཚུལ་མིན་ཐོག་ལས་ འཇལ་ཏེ་ཡོད་མི་ ས་ཆའི་རིགས་ག་ར་ ཁྲམ་ལས་བཏོན་གནང་སྟེ་ ལཱ་ངན་འབད་མི་ཚུ་ལུ་ ཁྲིམས་དང་འཁྲིལ་ ཉེས་བྱ་དང་ ཉེས་ཁྲིམས་བཀལ་དགོ་ཟེར་ ཞུ་ཡིག་ནང་བཀོད་ནུག།
ད་རུང་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ འཆམ་མཐུན་གྱི་ མི་ལེ་ཤ་ཅིག་གི་ས་ཆ་ མཐའ་ཟུར་ལུ་ཡོད་མི་ཚུ་ གཞུང་བཞེས་གྲངས་སུ་ མ་ཚུད་རུང་ ས་ཆ་སྤོ་སོར་འབད་དེ་ རིན་ཆེན་ཐང་ཁྲོམ་གྱི་ མཐའ་འཁོར་ལས་འཇལ་ཏེ་ བྱིན་ཡོདཔ་ལས་ གུང་པ་༥༡ གི་ས་ཆ་ གཞུང་ལུ་ཚུདཔ་ ཤེས་ཅི་མཐོང་ཅི་ར་ ས་ཚབ་སྤྲོད་མ་བཏུབ་མི་དེ་ གནད་དོན་ག་ཅི་ཨིན་ན་ ཞིབ་དཔྱད་མཐིལ་ཕྱིན་ཅིག་ མཛད་གནང་ཟེར་ ཉམས་རྒུད་པ་ཚུ་གིས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ནོར་བུ་སྒང་གི་ རྒཔོ་བགྲེསཔ་གིས་ ཧེ་མར་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གིས་ ངན་ལྷད་དང་འབྲེལ་བའི་ ལཱ་འབད་འབདཝ་མེད་པའི་ཁར་ ཁོ་གི་ས་ཆ་ཨེ་ཀར་ཕྱེད་དང་༢ དེ་ཅིག་ཡང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་ཡོད་རུང་ ས་ཚབ་མ་ཐོབ་པར་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ངང་ལམ་དྲུང་ཁག་ནང་ ས་ཆ་བསྐྱར་འཇལ་གྱི་ ལཱ་མཇུག་བསྡུཝ་ད་ ད་ལྟོ་ ཁྲོམ་ས་སྦེ་ ངོས་འཛིན་འབད་དེ་ཡོད་མི་ རིན་ཆེན་ཐང་གི་ ས་ཁོངས་ནང་ སའི་ཇོ་བདག་སོ་སོ་གིས་ བདག་དབང་འབད་དེ་ཡོད་མི་ ས་ཆ་ཌིསི་དག་པ་ཅིག་ལས་ ཨེ་ཀར་ལེ་ཤ་ཅིག་ལུ་ ཡར་འཕར་སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ན་ཧིང་ ངང་ལམ་དྲུང་པ་ ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཆ་ཌིསི་༥༠ ལས་བརྒལ་མེད་རུང་ ས་ཆ་བསྐྱར་འཇལ་སྐབས་ ཨེ་ཀར་༡.༥ ལུ་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་བཟུམ་མའི་ ཁྱད་པར་དེ་ མང་ཤོས་ར་ ནོར་བུ་སྒང་རྒེད་འོག་ནང་ ཐོན་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་ཚུ་གིས་ ན་ཧིང་ སྤྱི་ཟླ་༧ པ་དང་༩ པའི་ནང་ ངང་ལམ་ལུ་སོང་སྟེ་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
ད་རུང་ རྩོད་དོན་དེ་གི་སྐོར་ལས་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ངང་ལམ་ལུ་ ཞིབ་དཔྱད་སྡེ་ཚན་ཅིག་ བཏང་ཡོདཔ་བཞིན་དུ་ སྡེ་ཚན་དེ་གིས་ ཞིབ་དཔྱད་སྙན་ཞུ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

གནམ་དགུན་གྱི་ མདའ་རྩེད་སློབ་སྟོན་ལས་རིམ་འགོ་བཙུགས་ཡོདཔ།

༢༢/༡/༢༠༡༣   ༉ རྒྱལ་ཁབ་ནང་ འབྲུག་མདའ་རྩེད་ཚོགས་པ་གིས་ གནམ་དགུན་མདའ་རྩེད་སློབ་སྟོན་ལས་རིམ་ འགོ་དང་པ་ འགོ་དྲེན་འཐབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ལས་ བཅའ་མར་གཏོགས་མི་༡༥༠ ལྷགཔ་ཅིག་འོང་མི་དེ་ རེ་བ་ལས་ལྷགཔ་ཅིག་ཨིན་ཟེར་ འབྲུག་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་ཨིན་པས།
ན་གཞོན་ཚུ་གིས་ མདའ་རྩེད་ཀྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་བསྒང་།

ཡིད་འཛིན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༢༢/༡/༢༠༡༣   ༉ བདུན་ཕྲག་༡༥ འི་རིང་ རེས་གཟའ་ཟླཝ་ཨ་རྟག་ར་ ཕྱི་རུའི་ཆུ་ཚོད་༢ ལས་ རྩེད་འགྲན་འབད་མི་ ཀོ་ཀ་ཀོ་ལ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ ཡིད་འཛིན་སྡེ་ཚན་གྱིས་ སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ གཞན་མི་སྡེ་ཚན་༢ དང་ སྐུགས་འདྲན་འདྲ་ཐོབ་ཡོདཔ་ལས་ ལིག་སྐོར་ཐེངས་དང་པའི་ནང་ སྐུགས་མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༢/༡/༢༠༡༣
ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ རྐང་པ་ར་ལས་ པདྨ་དགའ་ཚལ་ལུ་ ལོག་བྱོན་པའི་ལམ་ཁར་ ནི་ར་ ཨ་མ་ཆུ་ནང་ ཐོགས་ལུས་མི་ སྒེར་གྱི་སྣུམ་འཁོར་བོ་ལི་རོ་དེ་ བཏོན་ནི་ལུ་ ཆ་རོགས་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་བསྟུན་ ཁོ་རའི་ སྣ་ཁྲིད་འབད་མི་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་ པའི་ལོཊི་གིས་ ཐགཔ་བཏགས་ཏེ་ ཆུ་ནང་ལས་ བཏོན་པའི་བསྒང་།

རྒྱ་གར་གྱི་ལས་མི་༡ ལུ་ཤི་རྐྱེན།

༢༢/༡/༢༠༡༣   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢:༣༠ དེ་ཅིག་ལུ་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ནང་ རྒྱ་གར་གྱི་ལས་མི་༡ ལུ་ ཤི་རྐྱེན་བྱུང་མི་དེ་ དོགས་པ་མེད་པའི་ བདེན་རྟགས་བྱུང་ཡོདཔ་ཨིན་པས།

གཞལམ་སྒང་ཁོམས་ཤར་ལས་ པདྨ་གྲགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༢༢/༡/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ གཙུག་སྡེ་ནང་ མི་སྡེ་ལུ་ ཕན་ཐབས་ཀྱི་གོ་སྐབས་ རྒྱ་ཆེ་དྲགས་སྦེ་ མཐོང་གསལ་བྱུང་མི་ གཞལམ་སྒང་རྫོང་ཁག་ ཁེངས་བར་དོ་ ཁོམས་ཤར་གཡུས་ཚན་ལས་ སྐྱེས་ལོ་༤༤ ལང་མི་ པདྨ་གྲགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ དང་འདོད་ཐོག་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༤ ལང་མི་ པདྨ་གྲགས་པ།