གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་སྨན་ཁང་ནང་ ནདཔ་བཞག་ཁང་མེད་པའི་དཀའ་ངལ།

༢༡/༥/༢༠༡༣   ༉ དར་དཀར་ནང་རྫོང་ཁག་ རྩེ་ཟ་རྒེད་འོག་གི་མི་སེར་དང་ ཁྲོམ་སྡེ་ དེ་ལས་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གི་དོན་ལུ་ གསོ་བའི་གཞི་རྟེན་སྨན་ཁང་ནང་ ནདཔ་བཞག་ས་མེད་མི་ལུ་བརྟེན་ ནདཔ་ཚུ་ལུ་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ཨིན་པས།
དར་དཀར་ནང་སྨན་ཁང་གི་ ཉལ་ཁྱིམ་༣ འབད་མི་ ནདཔ་བཞག་ས།

རི་ཁའི་ཤ་མུ་ བཟའ་བཏུབ་མ་བཏུབ་ཀྱི་ ཤེས་ཡོན་དང་ གོ་བརྡ་སྤྲོད་དགོཔ།

༢༡/༥/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ བསམ་རྩེ་རྫོང་ཁག་ནང་ བཟའ་ཚང་ཅིག་གི་ ནང་མི་༤ ཚལ་མ་ནང་གི་ དུག་ཤ་མུ་བཟའ་བའི་ཤུལ་ལུ་ ཤི་རྐྱེན་བྱུང་མི་དེ་ རྣམ་རྟོག་ལང་སི་སི་དང་ སེམས་ཕམ་པའི་ གཞི་ནད་ཅིག་ཡང་ཨིན་མས།

པདྨ་དགའ་ཚལ་ལས་ འབྲུག་སྤྱིར་དབང་ཚོགས་པ་ལུ་ ངོས་ལེན་ལེགས་ཤོམ་མེདཔ།

༢༡/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་གྱིས་ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་ འབད་མ་བཏུབ་ཨིན་པས།

རྒྱལ་ཁབ་༡༣ ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྐྱལ་བཏང་ཡོདཔ།

༢༡/༥/༢༠༡༣   ༉ འབྲུག་གི་ བཙག་འཐུ་ལྷན་ཚོགས་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྤྱི་ཟླ་༥ པའི་ཚེས་༨ ཚུན་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་༥༠,༨༥༣ ཐོབ་ཡོདཔ་ཨིན་པས།

དུག་ཤ་མུ་ བརྟག་དཔྱད་འབད་ནི་ལུ་ དཔེ་ཚད་ངོས་འཛིན་འབད་མ་ཚུགསཔ།

༢༠/༥/༢༠༡༣   ༉ དུག་ཤ་མུ་བཟའ་མི་ལུ་བརྟེན་ མི་༤ ལུ་ ཤི་རྐྱེན་བྱུང་རུང་ ལྷག་ལུས་ མི་༡ ཡོད་མི་དེ་ ད་ལྟོ་ གནས་སྟངས་དུམ་གྲ་ཅིག་ ལེགས་ཤོམ་ཡོདཔ་ལས་ བསམ་རྩེ་སྨན་ཁང་གིས་ བརྟག་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ཚེ་འདས་བཟའ་ཚང་ཚུ་གིས་ དུག་ཡོད་མི་ ཤ་མུ་འདི་བཟུམ་ བཟའ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་ནི་ལུ་དོགས་སྣང་།

༢༠/༥/༢༠༡༣   ༉ པདྨ་དགའ་ཚལ་ལུ་ མི་སེར་ལ་ལུ་ཅིག་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཚུ་ལུ་ ངལ་རངས་བྱུང་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ད་རིས་ཀྱི་ བསྐུལ་བསྒྲགས་ནང་ སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ཟེར་ དོགས་སྣང་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལས་ བློན་ཆེན་བགྲེསཔ་ འཇིགས་མེད་འཕྲིན་ལས་ཀྱི་འདེམས་ཁོངས་ ན་ནོང་-ཤུ་མར་ལུ་ གསལ་བཤད་ཉན་པའི་ཤུལ་ལུ་ བསམ་འཆར་བཤདཔ་ཨིན་པས།


ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་རྩེད་འགྲན་ ཁ་ཙ་འགོ་བཙུགས་ཡོདཔ།

༢༠/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ་བཱོལ་སྡེ་ཚན་ཚུ་གི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ འགོ་བཙུགསཔ་དང་འབྲེལ་ འབྲུག་ཨེསི་ཊར་སྡེ་ཚན་གྱིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལུ་ གཱོལ་༤ བཙུགསཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན།
ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།

སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ བུཚ་དང་ བུམོ་གིས་ བཱོ་ལི་བཱོལ་ལས་རྒྱལ་ཁ་ཐོབ་ཡོདཔ།

༢༠/༥/༢༠༡༣   ༉ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ ཐིམ་ཁྲོམ་སློབ་གྲྭ་ཁག་གི་བར་ནའི་ བཱོ་ལི་བཱོལ་ རྩེད་འགྲན་གྱི་མཐའ་བཅད་ནང་ལས་ སྐལ་སྐྱིད་སློབ་གྲྭའི་སློབ་ཕྲུག་བུམོ་དང་ བུཚ་སྡེ་ཚན་༢ ཆ་ར་གིས་ རྒྱལ་ཁ་ཐོབཡོདཔ་ལས་ ལུང་ཕྱོགས་སློབ་གྲྭ་ཁག་གི་ རྩེད་འགྲན་ནང་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
བཱོ་ལི་བཱོལ་རྩེད་འགྲན་འབད་བའི་བསྒང་།

བློན་པོའི་གོ་གནས་དང་ བློན་ཆེན་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༢༠/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ བཀྲ་ཤིས་སྒང་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་གྱངས་ཁ་ཆོདཔ་ཅིག་བརྒལ་ མ་འཛོམས་མི་ཚུ་ལུ་ སླབ་མིའི་ནང་ མོ་གི་ཚོགས་པའི་ནང་ བློན་པོའི་གོ་གནས་འཆང་ཚུགས་པའི་ ལྕོགས་གྲུབ་ཡོད་པའི་ མི་ངོམ་ལངམ་ཡོདཔ་མ་ཚད་ མོ་ར་ཡང་ བློན་ཆེན་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ བཀྲིས་སྒང་གི་ མི་སེར་ཚུ་དང་གཅིག་ཁར་ཕྱད་པའི་བསྒང་།

བྱེམ་དོས་འབག་མི་ སྣུམ་འཁོར་ཊཱག་༡ རྦོལ་རིལ་ཏེ་ སྡོད་ཁྱིམ་ཅིག་ལུ་གནོད་སྐྱོན།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ཉི་མ་ སྤུ་ན་ཁ་ བརཔ་རྒེད་འོག་ མཚོ་ཁ་ན་གཡུས་ཚན་ནང་ སྣུམ་འཁོར་ཊེ་ལར་ཟེར་ འཁོར་ལོ་༡༠ འབད་མི་ཊཱག་ཅིག་ ལམ་འོག་ལས་མར་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ རང་ལུགས་ཀྱི་ཁྱིམ་ཐོག་༢ འབད་མི་ཅིག་གི་ ཁྱིམ་ཐོག་དང་ གྱང་ དེ་ལས་ ཤིང་ཆས་ཚུ་གུ་ཕོག་སྟེ་ གནོད་སྐྱོན་དུམ་གྲ་ཅིག་ རྐྱབ་ཡོདཔ་ཨིན་པས།
གློག་མེའི་ཀཝ་གུ་ཐོགས་ལུས་མི་ སྣུམ་འཁོར་ཊཱག།

གསར་ཤོག་ལས་ཁང་༡ ཆ་མེད་དང་༡ ལོག་གནང་བ་བྱིན་ཡོདཔ།

༢༠/༥/༢༠༡༣   ༉ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ སྤྱི་ཟླ་༣ པའི་ནང་ལས་ བྷུ་ཊཱན་ཡུཐ་ཟེར་མི་ བདུན་རིམ་གསར་ཤོག་གི་ཆོག་ཐམ་ ཆ་མེད་བཏང་ཡོདཔ་ལས་ རྒྱལ་ཁབ་ནང་ གསར་ཤོག་གི་གྱངས་ཁ་ ཅིག་གིས་ མར་འབབ་སོང་ཡོདཔ་ཨིན་པས།

སྲིད་ཚོགས་༤ ཡོད་མི་ལུ་བརྟེན་ གདམ་འཐུ་འབད་ནིའི་དོན་ལུ་ བཅའ་མར་གཏོགས་དགོཔ་གལ་ཆེཝ།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ སྤྱིར་བཏང་གྲོས་འཛོམས་ བཙན་མཁར་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་མི་༣༠༠ ལྷགཔཅིག་ འོང་ཡོདཔ་ལས་ རྒེད་འོག་གི་ ཚོགས་ཁང་ནང་མ་ཤོང་པར་ མི་ཚུ་ ཕྱི་ཁར་ལས་ བལྟ་དགོཔ་ཐོན་ཡོདཔ་ཨིན་པས།
གཡུས་མི་ཅིག་གིས་ སྲིད་ཚོགས་ཀྱི་ བརྡ་དོན་ཤོག་དེབ་ ལྷག་པའི་བསྒང་།  

གནས་ཚུལ་མདོར་བསྡུས།

༢༠/༥/༢༠༡༣
རྩི་རང་རྫོང་ཁག་ དུང་ལ་སྒང་རྒེད་འོག་ལྟེ་བའི་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་སྐྱུར་མི་ ཨམ་སྲུ་༢ ཀྱིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བརྡ་བྱང་གུ་ སྦྱར་བཞག་མི་ སྲིད་དོན་ཚོགས་པ་༤ གི་ ལས་རྟགས་དང་ གཙོ་འཛིན་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ལྟ་ཞིབ་འབདཝ་ཨིན་པས། དུང་ལ་སྒང་རྒེད་འོག་གི་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

གསུང་སྐད་འགྲན་བསྡུར་ཡང་ ཀུན་ཚང་ཤེས་ཡོན་གྲངས་སུ་ཚུདཔ་ཨིནམ།

༢༠/༥/༢༠༡༣   ༉ སློབ་གྲྭ་ཁག་ཚུ་ནང་ གསུང་སྐད་འགྲན་བསྡུར་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་དེ་གིས་ སློབ་སྟོན་གྱི་ དུས་ཚོད་ཚུ་ལུ་ ཐོ་མི་ཕོག་ག་ཟེར་ སྤྱིར་བཏང་མི་མང་ལུ་ དོགས་སྣང་བྱུང་དོ་ཡོདཔ་ཨིན་རུང་ ཤེས་རིག་གི་ སྲིད་བྱུས་ནང་ར་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་སྦེ་ཡོདཔ་ཨིན་པས།
གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ སློབ་ཕྲུག་བུཚ་དང་བུམོ་ཚུ།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༥/༢༠༡༣   གོ་སའི་མིང་གནས་དང་ དཔའ་རྟགས་བཀབ་ནེ་ལག་ལེན་ལམ་ལུགས་དྭངས་གསལ་མེདཔ།
༉ འཕྲལ་ཁམས་ཅིག་ཁར་ བློན་པོ་བགྲེསཔ་ཅིག་གིས་ ཁོ་ར་ ལྷན་ཁག་ནང་ ལཱ་འབད་ནི་མེད་རུང་ ད་ལྟོ་ དཔའ་རྟགས་དང་ བཀབ་ནེ་ལི་ཝང་བཀབ་ཐོག་ལས་ བློན་པོའི་གོ་གནས་ཀྱི་ འགན་ཁུར་འབག་བཞིན་དུ་ཡོདཔ་ལས་ བརྡ་བརྒྱུད་གསར་ཤོག་ཅིག་གིས་ བློན་པོའི་མིང་གནས་ལག་ལེན་མ་འཐབ་པས་ཟེར་ ཉོགས་བཤད་བཀོད་ནུག།

དྭངས་ཆུ་ལུ་ ཁྱིམ་ཐོག་ཚད་༢ འབད་ཅིག་ལུ་ མེ་རྐྱེན་ཤོར་ཡོདཔ།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ཉིན་མར་ དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་ ངང་གཡུས་ཚན་ནང་ རང་ལུགས་ཀྱི་ ཁྱིམ་ཐོག་༢ འབད་མི་ཅིག་གི་ ཁྱིམ་ཐོག་མེ་གིས་འཚིགས་རུང་ དུས་ཚོད་ཁར་ མེ་བསད་ཚུགས་ཡོདཔ་ལས་ ཤིང་ཆས་ཚུ་མ་གཏོགས་ ལྕགས་ཤོག་ཚུ་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས།
མེ་རྐྱེན་བྱུངམ་ཅིག་ར་ ངང་གཡུས་ཚན་གྱི་ ལྷ་ཁང་ཉམས་གསོའི་ལཱ་འབད་མི་༦༠ དེ་ཅིག་གིས་ དེ་འཕྲོ་ལས་འོང་སྟེ་ མེ་བསད་ནི་ལུ་ ཆ་རོགས་འབད་མི་ལེ་བརྟེན་ ཁྱིམ་ནང་སྡོད་མི་༦ པོ་ཆ་ར་ ཕྱི་ཁར་བཏོན་ཚུགས་ཡོདཔ་ཨིན་པས།


རྫོང་ཁག་མང་ཤོས་ཅིག་ནང་ ནད་འབུབ་ཚུ་གིས་ འབྱ་གི་ལྕངམ་མེད་བཏང་དོ་ཡོདཔ།

འབྱ་ཞིང་ཚུ་ནང་ ཁྱབ་སྤེལ་སོང་མི་ ནད་འབུབ་ཚུ།
༉ ད་རེས་ནངས་པ་ སྤུ་ན་ཁ་དང་ དབང་འདུས་ཀྱི་ འབྱ་ཞིང་ཚུ་ནང་ ནད་འབུབ་གསརཔ་ཅིག་ ཁྱབ་སྤེལ་སོང་སྟེ་ འབྱ་གི་ལྕངམ་ཚུ་ མེདཔ་བཏང་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་མི་དེ་ཡང་ རྫོང་ཁག་དེ་ནང་ ལྕང་ལཱ་འགོ་བཙུགས་ནིའི་དུས་ཚོད་དེ་ ཉིནམ་༡༠ དང་༡༥ དེ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་པས།
ནད་འབུབ་དེ་གིས་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༡༡ ཆ་མཉམ་ནང་ དར་ཁྱབ་སོང་སྟེ་ ལྕངམ་ཚུ་མེདཔ་བཏང་དོ་ཡོདཔ་ཨིན་པས།