གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་ལས་ འབྲུག་སྤྱིར་དབང་ཚོགས་པ་ལུ་ ངོས་ལེན་ལེགས་ཤོམ་མེདཔ།

༢༡/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་གྱིས་ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་ འབད་མ་བཏུབ་ཨིན་པས།


དེ་བཟུམ་མའི་ མངོན་གསལ་དེ་ཡང་ ཁ་ཙ་དྲོ་པ་ ཚོགས་པའི་གཙོ་འཛིན་ལི་ལི་དབང་ཕྱུག་ པདྨ་དགའ་ཚལ་ལུ་ལྷོད་པའི་སྐབས་ གསལ་སྟོན་བྱུང་ཡོདཔ་ད་ ནང་སྐོར་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་ གསལ་བཤད་ཉན་མི་ཡང་ མི་གྲངས་༥༠ དེ་ཅིག་ལས་ མ་འོངམ་ཨིན་པས།
བློན་ཆེན་བགྲེསཔ་ལུ་བརྟེན་ཏེ་ པདྨ་དགའ་ཚལ་གྱི་མི་ཚུ་གིས་ ང་བཅས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་མ་བཙུགས་པ་ཅིན་ གཞན་མི་སྲིད་ཚོགས་ ག་ལུ་བཙུགས་ནི་སྨོ་ཟེར་བའི་ ལོ་རྒྱུས་ཚུ་ སླབ་དོ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ལུ་ སྲིད་ཚོགས་ཀྱི་གཙོ་འཛིན་ཚུ་གིས་ རྫོང་ཁག་ནང་འོང་སྟེ་ ཁས་བླངས་གསལ་བསྒྲགས་ཚུ་ འབད་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་འབད་བ་ཅིན་ བློན་ཆེན་མཛད་ནི་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ལུ་ར་ འོས་འབབ་ཡོད་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ ག་ལུ་རྒྱབ་སྐྱོར་འབད་ནི་ཨིན་ན་ ཁོང་རའི་སྲིད་ཚོགས་ གདམ་ཁ་རྐྱབ་ཚར་ཏེ་ ཡོད་ཟེར་ཨིན་པས།
ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པའི་ འཛོམས་འདུ་ནང་མ་འགྱོ་མི་ སྐྱེས་ལོ་༤༣ ལང་མི་ གཡུས་མི་ཅིག་གིས་འབད་བ་ཅིན་ ཧེ་མ་ལས་ སྲིད་ཚོགས་གདམ་ཁ་རྐྱབ་ཚར་མི་ཚུ་གིས་ སྲིད་ཚོགས་ག་ར་གི་ འཛོམས་འདུ་ནང་ ངེས་པར་དུ་ འགྱོ་དགོཔ་ཅིག་ མི་མཐོང་མས་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ རྫོང་ཁག་གཞན་མི་ཚུ་ནང་བཟུམ་སྦེ་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
མོ་གིས་ གསལ་བཤད་འབད་མིའི་ནང་ འབྲུག་གི་མི་སེར་ བརྒྱ་ཆ་༧༠ དེ་ཅིག་ སོ་ནམ་ལཱ་ལུ་བརྟེན་ སྡོད་མི་ཨིནམ་ལས་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་ཚུ་ རྒྱ་ཆེ་དྲགས་སྦེ་ར་ རྐྱབ་དོ་ཡོདཔ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ དེ་བཟུམ་མའི་དཀའ་ངལ་དེ་ རྩ་མེད་གཏང་ནི་ཨིན་ཟེར་སླབ་ནུག།
འབྲུག་པའི་མི་རློབས་བརྒྱ་ཆ་༥༠ དེ་ཅིག་ ཨམ་སྲུ་ཡོདཔ་ལས་ དཀའ་ངལ་འདྲ་མིན་སྣ་ཚོགས་ ཐོན་དོ་ཡོད་མི་ལུ་བརྟེན་ ཐབས་བྱུས་ཚུ་བཟོ་ནི་དང་ མོ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་སྐོར་འབད་བའི་སྐབས་ རྫོང་ཁག་ཚུ་ གོང་འཕེལ་སྦོམ་མ་འགྱོ་བར་ལུས་ཡོདཔ་སྦེ་ མཐོང་ཡི་ཟེར་སླབ་ཡོདཔ་ཨིན་པས།
ད་ལྟོ་ ལེགས་ཤོམ་སྦེ་ གོང་འཕེལ་མ་འགྱོ་བའི་ རྫོང་ཁག་ཚུ་ནང་ རྒྱབ་སྐྱོར་དང་ མཉམ་འབྲེལ་ ལེགས་ཤོམ་དགོཔ་ཡོདཔ་ལས་ འཕྲུལ་གླང་པ་ཝར་ཊི་ལར་དང་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་དགོཔ་འདུག་ཟེར་སླབ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་དང་ དབུལ་ཕོངས་ བཟའ་འཐུང་གི་ཉེན་སྲུང་ དེ་ལས་ རི་དྭགས་སེམས་ཅན་དང་ འགྲོ་བ་མིའི་འབྲེལ་ཟིང་གི་གནད་དོན་ཚུ་ནང་ ཐབས་ལམ་བཏོན་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ དྲི་བ་བཀོད་ནིའི་ གོ་སྐབས་བྱིན་པའི་སྐབས་ བཅའ་མར་གཏོགས་མི་ཅིག་གིས་ ག་དེམ་ཅིག་སྦེ་ འབྲུག་ཕུན་སུམ་ཚོགས་པ་མེན་པར་ གཞན་མི་སྲིད་ཚོགས་ཅིག་ བཙག་འཐུ་འགྲུབ་པ་ཅིན་ འབྲུག་ཕུན་སུམ་ཚོགས་པ་བཟུམ་ཅིག་ མ་དངུལ་འཐོབ་ཚུགསཔ་འོང་ག་ཟེར་ དྲིས་བའི་ལན་ལུ་ གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སྲིད་ཚོགས་གཞན་ བཙག་འཐུ་འགྲུབ་པ་ཅིན་ མ་དངུལ་འབག་འོང་ནི་མེན་པར་ ཧེ་མ་ར་ འདས་པའི་གཞུང་སྐྱོང་གི་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ བཟོ་བཞག་མིའི་བུ་ལོན་ཚུ་ ལོག་བཏབ་དགོཔ་འོང་ཟེར་ སླབ་ཡོདཔ་ཨིན་པས།
འཛོམས་འདུ་མཇུག་མ་བསྡུ་བའི་ཧེ་མར་ ལི་ལི་དབང་ཕྱུག་གིས་ མོ་ར་ འཆི་བདག་གི་ཁ་ལས་ ལོག་འོང་མི་ཅིག་ཨིན་པའི་ཁར་ མོ་ལུ་ ལྟ་དགོཔ་ག་ཡང་མེདཔ་ལས་ འབྲུག་པའི་མི་སེར་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འབད་ནི་ཨིན་ཟེར་སླབ་ཡོདཔ་ཨིན་པས།
མཇུག་བསྡུ་བའི་སྐབས་ མ་གཞི་ མོ་གི་མིང་ ལི་ལི་ཟེར་མི་དེ་ ཡེ་ཤུ་པའི་ ཆོས་ལུགས་འཛིན་མི་བཟུམ་སྦེ་ མཐོངམ་ཨིན་རུང་ དེ་སྦེ་མེན་ཟེར་ མི་མང་ལུ་ གཙོ་འཛིན་གྱིས་ དོགས་གསལ་འབད་ཡོདཔ་མ་ཚད་ མོ་ར་སྐྱེས་བའི་ཉིནམ་ལས་འགོ་བཙུགས་ ད་ཚུན་ལུ་ ནང་པའི་ཆོས་འབད་སྡོད་མི་ཅིག་ར་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment