གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་ཁའི་ཤ་མུ་ བཟའ་བཏུབ་མ་བཏུབ་ཀྱི་ ཤེས་ཡོན་དང་ གོ་བརྡ་སྤྲོད་དགོཔ།

༢༡/༥/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ བསམ་རྩེ་རྫོང་ཁག་ནང་ བཟའ་ཚང་ཅིག་གི་ ནང་མི་༤ ཚལ་མ་ནང་གི་ དུག་ཤ་མུ་བཟའ་བའི་ཤུལ་ལུ་ ཤི་རྐྱེན་བྱུང་མི་དེ་ རྣམ་རྟོག་ལང་སི་སི་དང་ སེམས་ཕམ་པའི་ གཞི་ནད་ཅིག་ཡང་ཨིན་མས།


འདི་བཟུམ་ཤི་རྐྱེན་བྱུང་མི་དེ་ འབྲུག་ལུ་ འགོ་དང་པ་མེན་མི་དེ་ཡང་ ཤ་མུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་གྲངས་༥ ལས་༡༠ གྱི་བར་ན་ ཤི་རྐྱེད་བྱུང་དོ་ཡོདཔ་ད་ ཟླཝ་འདི་གི་ སྔ་ཆ་ལུ་ བསམ་གྲུབ་ལྗོངས་ཁར་ མར་ཚ་ལ་རྒེད་འོག་ནང་ཡང་ མི་༡ དུག་ཤ་མུ་བཟའ་བའི་ཤུལ་ལས་ ཤི་རྐྱེན་བྱུང་ཡོདཔ་ལས་ དུས་ཅི་ཟླཝ་༥ གི་ནང་འཁོད་ལུ་ར་ མི་གྲངས་༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན།
ཤི་རྐྱེན་གྱི་ གྱངས་ཁ་དེ་ཡང་ སྨན་ཁང་ནང་ སྙན་ཞུ་ལྷོད་མི་ལུ་ གཞི་བཞག་སྟེ་ཨིནམ་ལས་ སྙན་ཞུ་མ་འབད་བར་ བཞག་ཡོད་མི་ཡང་ འོང་སྲིད་ནི་ཨིན་མས། ག་འཆརཔ་ཟེར་བ་ཅིན་ མཐའ་ཟུར་གྱི་ གྲོང་གཡུས་ཚུ་ནང་ འདི་བཟུམ་མའི་ རྐྱེན་ངན་ཚུ་བྱུངམ་ད་ རང་གི་ཚེ་རྫོགས་སོཔ་འོང་ནི་མས་ཟེར་ མནོ་ལུགས་ཡོད་ནི་དེ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་མ་འབད་བར་ བཞགཔ་ཨིན་མས།
གནམ་བྱཱར་གྱི་ དུས་ཚོད་འགོ་བཙུགས་མི་དང་བསྟུན་ རི་ཁའི་ཤ་མུ་རྒྱ་ཆེ་དྲགས་སྦེ་སྐྱེ་བའི་ དུས་ཚོད་ཨིནམ་ལས་ མི་ཚུ་གིས་ རི་ཁ་ལས་ཕར་ ཤ་མུ་སྤོག་པ་འགྱོ་ནི་གི་ འོས་འབབ་ཡོདཔ་ལས་ ད་རུང་ ཤི་རྐྱེན་དང་ གནོད་སྐྱོན་འབྱུང་ནི་གི་ ཉེན་ཁ་སྦོམ་ཡོད། ཤ་མུ་ལུ་བརྟེན་པའི་ རྐྱེན་ངན་བྱུང་མིའི་ གནད་དོན་ཅིག་ མཐའ་ཟུར་གྱི་ གཡུས་ཚན་ནང་ལས་ཕར་ རྒན་རྒས་དང་ གོ་ཤེས་ཉན་ཤེས་ཚུ་གིས་ རི་ཁའི་ཤ་མུ་ཚུ་ ངོས་འཛིན་འབད་མ་ཚུགས་མི་ཚུ་ རང་གིས་ མིང་བཏགས་ཐོག་ལས་ བཟའ་བ་ཅིན་ ག་ནི་ཡང་ མི་འབད་ཟེར་ མནོ་ལུགས་ཅིག་ཡོད་མི་དེ་གིས་ཡང་ རྐྱེན་ངན་ལུ་ རྒྱུ་རྐྱེན་འབད་བའི་ཁར་ ལ་ལུ་ཅིག་གིས་འབད་བ་ཅིན་ དུག་ཤ་མུ་ཨིན་རུང་ ཤ་མུའི་ནང་ ཐིང་ངེ་བླུགས་ཏེ་ བཟའ་སྤྱོད་འབདཝ་ད་ གནོད་སྐྱོན་ག་ནི་ཡང་ མི་འབྱུང་ཟེར་ སླབ་སྲོལ་ཡོད་མི་དེ་གིས་ཡང་ ཤ་མུ་བཟའ་ནི་ལུ་ ལྷན་ཐབས་འབདཝ་ཨིན་མས།
ཚན་རིག་དང་ འཁྲིལ་བ་ཅིན་ མནོ་ལུགས་དེ་ཚུ་ག་ར་ མི་བདེན་ནི་ཨིནམ་ལས་ རི་ཁའི་ཤ་མུ་མང་ཤོས་ཅིག་ར་ དུག་ཤ་མུ་ཨིནམ་ད་ ད་ཚུན་གྱི་བར་ན་ རི་ཁའི་ཤ་མུ་ལུ་བརྟེན་པའི་ ཤི་རྐྱེན་བྱུང་མི་ཚུ་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ཚུ་ཨིནམ་ལས་ དེ་གིས་ འབྲེལ་ཡོད་ལས་སྡེ་གིས་ མི་མང་ལུ་ ཤ་མུའི་གནོད་ཉེན་སྐོར་ གོ་བརྡ་དང་ ཤེས་ཡོན་ལོ་རན་ཆད་མེད་པར་ འགོ་འདྲེན་འཐབ་ནི་དེ་ གལ་ཆེཝ་སྦེ་མཐོངམ་བས།
དེ་བཟུམ་མའི་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་མ་འཐབ་པ་ཅིན་ ཐིམ་ཕུ་བཟུམ་མའི་ ཚོད་བསྲེ་ཁྲོམ་ཁར་ རི་ཁའི་ཤ་མུ་མ་འདྲཝ་ལེ་ཤ་བཙོང་སྲོལ་ཡོདཔ་ལས་ རེ་ཚེ་སྐབས་ དུག་ཤ་མུ་ཚུ་ཡང་ བཟའ་བཏུབ་པའི་ ཤ་མུ་ཚུ་ནང་ ཚུད་ཉེན་ཡོདཔ་ལས་ མི་བརྒྱ་ཕྲག་ལས་ བཅད་མི་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་སྦོམ་ཡོདཔ་ཨིན།
གོ་བརྡ་སྤྲོད་ནི་རྐྱངམ་གཅིག་མིན་པར་ འབྲེལ་ཡོད་དབང་འཛིན་ དཔེར་ན་ སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་དང་ རྒྱལ་ཡོངས་ཤ་མུ་ལྟེ་བ་ཚུ་གིས་ ཚོད་བསྲེ་ཁྲོམ་ཁར་ བཙོང་ནིའི་དོན་ལུ་ མི་གནགཔོ་ཚུ་གིས་ སྤོག་འབག་འོང་མི་ ཤ་མུའི་རིགས་དང་ ནགས་སྐྱེས་ སྤང་སྐྱེས་ལ་སོགས་པའི་ ཚོད་བསྲེ་ཚུ་ བཟའ་བཏུབ་མི་བཏུབ་ བརྟག་དཔྱད་འབད་ནི་གི་ འཕྲུལ་ཆས་ལག་ལེན་འཐབ་དགོཔ་དེ་ཡང་གལ་ཆེ།
སོ་ནམ་གྱི་ ལཱ་འབད་མི་ཚུ་ལུ་ ཡང་ལས་ཡང་དུ་ གོ་བརྡ་སྤྲོད་ནི་དང་ དྲན་གསལ་འབད་བ་ཅིན་ རི་ཁའི་ཤ་མུ་སྤོག་པ་ འགྱོ་མི་དང་ བཟའ་མི་ཡང་ མར་འབབ་འགྱོ་ནི་ཨིནམ་མ་ཚད་ དེ་དང་གཅིག་ཁར་ དུག་ཤ་མུ་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ཡང་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment