གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་པོའི་གོ་གནས་དང་ བློན་ཆེན་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༢༠/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ བཀྲ་ཤིས་སྒང་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་གྱངས་ཁ་ཆོདཔ་ཅིག་བརྒལ་ མ་འཛོམས་མི་ཚུ་ལུ་ སླབ་མིའི་ནང་ མོ་གི་ཚོགས་པའི་ནང་ བློན་པོའི་གོ་གནས་འཆང་ཚུགས་པའི་ ལྕོགས་གྲུབ་ཡོད་པའི་ མི་ངོམ་ལངམ་ཡོདཔ་མ་ཚད་ མོ་ར་ཡང་ བློན་ཆེན་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ བཀྲིས་སྒང་གི་ མི་སེར་ཚུ་དང་གཅིག་ཁར་ཕྱད་པའི་བསྒང་།


ཚོགས་པའི་གཙོ་འཛིན་གྱི་ འགན་ཁུར་དེ་ སྦོམ་ཤོས་ཅིག་ཨིན་རུང་ མོ་གིས་འབད་ཚུགས་པའི་ ཡིད་ཆེས་མེད་པ་ཅིན་ འབྲུག་སྤྱིར་དབང་ཚོགས་པ་ འགོ་ཐོག་ནང་ལུ་ར་ གཞི་བཙུགས་མ་འབདཝ་འོང་ཟེར་ཨིནམ་ད་ ཚོགས་པའི་འགོ་ཁྲིད་འབད་ནི་གི་ ལྕོགས་གྲུབ་ཡོད་པ་ཅིན་ མོ་གིས་ བློན་ཆེན་འབད་ནི་ལུ་ཡང་ གྲ་སྒྲིག་ཡོད་ཟེར་ཨིན་པས།
མོ་གིས་ འབྲུག་སྤྱིར་དབང་ཚོགས་པ་དེ་ ན་གཞོན་དང་ ལོ་ན་རྒས་མི་ དེ་ལས་ ན་གཞོན་བློན་པོའི་གོ་གནས་འཆང་ནི་ལུ་ འོས་འབབ་ཡོད་མི་ཚུ་ ཡོད་ཟེར་ཨིནམ་ད་ མོ་གིས་ བཀྲ་ཤིས་སྒང་པ་དང་ གཡང་རྩེཔ་ཚུ་ལུ་ མོ་གི་ཚོགས་པ་ལུ་ གོ་སྐབས་བྱིན་པ་ཅིན་ ཚོགས་པ་གིས་ མི་སེར་གྱི་དཀའ་ངལ་ཚུ་ ཚོགས་པ་གཞན་དང་དབྱེ་བ་མེདཔ་སྦེ་ འབད་ནི་ཟེར་ཨིནམ་མ་ཚད་ ལྷག་པར་དུ་ ཚོགས་པ་གཞན་ལས་དྲགཔ་སྦེ་ འབད་ནི་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རའི་ཚོགས་པ་ནང་ ན་གཞོན་མང་སུ་ཡོད་པའི་ འདེམས་ངོ་ཚུ་ག་ར་ ཕམ་ཉམ་ཆུང་གི་ཨ་ལུ་ཚུ་འབདཝ་ལས་ མི་སེར་གི་དཀའ་ངལ་ཚུ་ ག་བ་ལྷགཔ་སྦེ་ ཁོང་གིས་ ཧ་གོ་ཚུགས་ཟེར་ཨིན་པས།
མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་གསརཔ་ཚུ་ལུ་ཡང་ གོ་སྐབས་བྱིན་པ་ཅིན་ མི་སེར་ཚུ་གིས་ འབྲེལ་བ་འཐབ་ངོ་བདེ་བའི་ གཞུང་ཅིག་འཐོན་འོང་ཟེར་ཨིནམ་ད་ བཀྲ་ཤིས་སྒང་རྫོང་ཁག་ནང་ གྲོས་འཛོམས་ནང་ མི་འཛོམས་ནི་གི་དོན་ལུ་ ཆུ་ཚོད་དག་པ་ཅིག་ བསྒུགས་སྡོད་པའི་མཐའ་མར་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་གི་ གྱངས་ཁ་དང་ཕྱདཔ་ད་ ཉུང་སུ་ཅིག་ལས་མ་ཐོན་རུང་ ཚོགས་པ་གིས་ ངལ་རངས་ཡོད་ཟེར་ཨིན་པས།
མོ་གིས་ གཡང་རྩེཔ་ཚུ་གིས་ མོ་གི་མིང་ ལི་ལི་ཟེར་ཡོད་མི་ལུ་ལྟ་སྟེ་ མོ་ར་ འབྲུགཔ་ངོ་མ་ཨིན་ན་ཟེར་བའི་ དོགཔ་འཆར་འབད་མི་ལུ་ཡང་ མོ་གིས་ དེ་ཁར་འཛོམས་མི་ཚུ་དང་ དབྱེ་བ་མེདཔ་སྦེ་ འབྲུགཔ་ངོ་མ་ར་ཨིན་ཟེར་ དོགས་སེལ་འབད་ཡོདཔ་ཨིན་པས།
མོ་གིས་ མོ་རའི་མིང་ ལི་ལི་ཟེར་བཏགས་དགོ་མི་དེ་ཡང་ མོ་ར་ སྐྱེས་ལོ་༢༢ ཀྱི་ཧེ་མར་ གྱོངས་སོ་མི་ ཕོ་རྒནམ་སྦོམ་ཤོས་ཀྱིས་ གཅེས་མིང་སྦེ་ བཏགས་ནུག་ཟེར་ཨིནམ་ད་ དེ་ཡང་ ཕོ་རྒནམ་གིས་ མེ་ཏོག་ལི་ལི་ཟེར་མི་ལུ་བལྟ་སྟེ་ ལི་ལི་ཟེར་ བཏགས་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རའི་མིང་ངོ་མ་དེ་ ཀརྨ་བསོད་ནམས་ཨིན་རུང་ མོ་ལུ་ཕང་སྟེ་ ལི་ལི་ཟེར་ བཏགས་མི་ལུ་ ཆ་བཞག་ཅི་ཟེར་ཨིན་པས།
ཚོགས་པའི་་བཀང་ལུང་བསམ་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ཚེ་དབང་སྟོབས་རྒྱས་ཀྱིས་ དེ་ཁར་འཛོམས་མི་ཚུ་ མང་ཤོས་ར་ ཚོགས་པའི་གཙོ་འཛིན་གྱི་སྐོར་ལས་ ཤེས་དགོ་མནོ་མི་ཚུ་ཡོདཔ་ལས་ ངལ་རངས་ཡི་ཟེར་ཨིན་པས།
ཨིན་རུང་ འཛོམས་འདུ་དེ་ བཀྲ་ཤིས་སྒང་ཁྲོམ་ཁར་ འགོ་འདྲེན་འཐབ་ཡོད་རུང་ མི་ཉུང་སུ་ཅིག་ལས་མ་འོང་མི་ལུ་ལྟ་སྟེ་ བློ་ཕམ་བྱུང་ཡི་ཟེར་ཨིནམ་ འདེམས་ངོ་གིས་ འཛོམས་འདུ་ནང་འོངམ་ཅིག་ལུ་ ང་བཅས་ཀྱིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ དབུགས་ཚུགས་བསྐྱེད་ས་མེདཔ་ལས་ མི་ཚུ་གིས་ ཚོགས་པ་ག་རའི་འཛོམས་འདུ་ནང་ བཅའ་མར་གཏོགས་དགོཔ་དེ་ ག་ནི་བ་ ཁག་ཆེ་ཟེར་ཨིན་པས།
འཛོམས་འདུ་ཁང་ནང་ འདེམས་ངོ་ཁོ་རའི་འདེམས་ཁོངས་ སྦིས་མཁར་ལས་ རྒྱབ་སྐྱོར་འབད་མི་ཚུ་གིས་ གང་ཡོདཔ་ད་ འཛོམས་འདུ་དེ་ བཀྲ་ཤིས་སྒང་འབྲིང་རིམ་སློབ་གྲྭ་བར་མ་ནང་ འགོ་འདྲེན་འཐབ་ཡོད་རུང་ དེ་ཁའི་ཚོང་དཔོན་ དག་པ་ཅིག་ འོང་ཡོདཔ་ཨིན་པས།
བཀྲ་ཤིས་སྒང་གི་ཚོང་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བར་ཟར་གྱི་མི་ཚུ་གིས་ ག་བཟུམ་མའི་ འཛོམས་འདུ་ཡོད་དེ་འབད་རུང་ འོང་ནི་དེ་ དཀོན་སུ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཚོགས་པ་ཅིག་ནང་ འཛུལ་བའི་ཤུལ་ལས་ གཞན་ཚོགས་པ་གི་དོན་ལུ་ འཛོམས་འདུ་ཡོད་རུང་ འོང་ནི་དེ་ དཀོན་ཟེར་ཨིནམ་ད་ མི་ཚུ་གིས་ སྲིད་དོན་དང་འབྲེལ་བའི་ ཤེས་རྟོགས་མང་སུ་ཡོད་རུང་ འཛོམས་འདུ་ཆ་མཉམ་ནང་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ ད་ལྟོ་ཡང་ ཧ་མི་གོ་བས་ཟེར་ བཤད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment