གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱེམ་དོས་འབག་མི་ སྣུམ་འཁོར་ཊཱག་༡ རྦོལ་རིལ་ཏེ་ སྡོད་ཁྱིམ་ཅིག་ལུ་གནོད་སྐྱོན།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ཉི་མ་ སྤུ་ན་ཁ་ བརཔ་རྒེད་འོག་ མཚོ་ཁ་ན་གཡུས་ཚན་ནང་ སྣུམ་འཁོར་ཊེ་ལར་ཟེར་ འཁོར་ལོ་༡༠ འབད་མི་ཊཱག་ཅིག་ ལམ་འོག་ལས་མར་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ རང་ལུགས་ཀྱི་ཁྱིམ་ཐོག་༢ འབད་མི་ཅིག་གི་ ཁྱིམ་ཐོག་དང་ གྱང་ དེ་ལས་ ཤིང་ཆས་ཚུ་གུ་ཕོག་སྟེ་ གནོད་སྐྱོན་དུམ་གྲ་ཅིག་ རྐྱབ་ཡོདཔ་ཨིན་པས།
གློག་མེའི་ཀཝ་གུ་ཐོགས་ལུས་མི་ སྣུམ་འཁོར་ཊཱག།


ཁྱིམ་ནང་སྡོད་མིའི་ བུ་རྫིཔ་ པདྨ་གིས་ སླབ་མིའི་ནང་ ཊག་དེ་གློག་མེའི་ཀཝ་ཅིག་གུ་ ཐོགས་ལུས་ནི་དེ་གིས་ ཐད་ཀར་དུ་ ཁྱིམ་གུ་མ་ཕོག་ཟེར་ཨིནམ་ད་ གལ་སྲིད་ ཀཝ་གུ་ཐོགས་མ་ལུས་པ་ཅིན་ ཁྱིམ་ལུ་གནོད་སྐྱོན་རྐྱབ་སྟེ་ མི་ལུ་ ཤི་རྐྱེན་བྱུང་བྱུངམ་འོང་ཟེར་ཨིནམ་མ་ཚད་ རྐྱེན་ངན་བྱུང་པའི་སྐབས་ ཁྱིམ་ནང་གི་ ཨ་ལུ་༥ པོ་ཆ་ར་ ཉིན་མའི་ལྟོ་ བཟའ་ནི་གི་དོན་ལུ་ ཁྱིམ་ནང་འཛོམས་ཡོདཔ་ཨིན་པས་།
ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལ་བ་ཅིན་ ཊཱག་དེ་ ལམ་འོག་ལས་མར་ ཕིཊ་༡༤༥ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིནམ་བཞིན་དུ་ རྐྱེན་ངན་དེ་ཡང་ སྣུམ་འཁོར་དེ་ དོས་འབག་སྟེ་ ཁ་གྱེན་འཛེགས་པའི་སྐབས་ རྒྱབ་བཤུད་རྐྱབ་མི་ལུ་བརྟེན་ཨིན་རུང་ དེད་གཡོགཔ་ལུ་ གནོད་སྐྱོན་སྦོམ་ མ་བྱུངམ་ཨིན་པས།
སྣུམ་འཁོར་ཊཱག་དེ་ མཚོ་ཁ་ནའི་ བྱེམ་བཏོན་སའི་ས་ཁོངས་ལས་ བྱེམ་འབག་སྟེ་ ཐིམ་ཕུ་ཁ་ཐུག་ལུ་ འགྱོ་བའི་ལམ་ཁར་ཨིནམ་ད་ བྱེམ་བཏོན་སའི་ས་ཁོངས་དེ་ དབང་འདུས་དང་ ཐིམ་ཕུའི་གཞུང་ལམ་ལས་ ཀི་ལོ་མི་ཊར་ཕྱེད་དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།
འཁོར་ལམ་དེ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བྱེམ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༠༨ ལུ་ བསལ་ཡོདཔ་ད་ ཉིནམ་ཨ་རྟག་ར་ བྱེམ་འབག་མི་ ཊཱག་༡༠༠ དང་༡༣༠ རེ་ ས་གནས་དེ་ཁ་ལས་ རྒྱུན་འགྲུལ་འབད་དོ་ཡོདཔ་ཨིན་པས།
འཁོར་ལམ་གྱི་ སྤུས་ཚད་ལེགས་ཤོམ་མེད་པའི་ཁར་ རྒྱ་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ སྣུམ་འཁོར་ཡར་མར་འགྱོ་བའི་སྐབས་ དཀའ་ངལ་ཐོན་དོ་ཡོདཔ་ལས་ ད་ལྟོའི་བྱུང་རྐྱེན་དེ་ཡང་ གནད་དོན་འདི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
འཁོར་ལམ་གྱི་འོག་ལུ་ཡོད་པའི་ ཁྱིམ་ཅིག་གི་ཇོ་བདག་ཨིན་མི་ ཀུན་ལེགས་དབང་མོ་གིས་འབད་བ་ཅིན་ ལམ་ཉམས་བཅོས་འབད་དགོ་པའི་སྐོར་ལས་ ལས་འཛིན་ལུ་ ཡི་གུ་བཙུགས་རུང་ ལན་གསལ་མིན་འདུག་ཟེར་ཨིནམ་ད་ ཁོང་གི་དམིགས་ཡུལ་དེ་ བྱེམ་བཙོང་ནི་རྐྱངམ་གཅིག་མ་གཏོགས་ མི་སྡེ་ལུ་ བྱ་སྟབས་མ་བདེཝ་ཚུ་ མི་ལྟ་བས་ཟེར་ཨིན་པས།
དོས་འབག་མི་སྣུམ་འཁོར་ཚུ་ ནུབ་མོ་ཡང་འོང་དོ་ཡོདཔ་ལས་ གལ་སྲིད་ ད་ལྟོའི་རྐྱེན་ངན་བཟུམ་འབྱུང་པ་ཅིན་ ག་ཅི་ཡང་འབད་ཐབས་ མི་འོང་ནི་ཨིནམ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་ སྐྱེས་ལོ་༧༢ ལང་མི་ སྲིད་རྒྱལ་གྱིས་ སླབ་མིའི་ནང་ ལམ་ཁར་ སྣུམ་འཁོར་ཐོགས་ལུས་སར་ མཐོངམ་ཅིག་ དེ་འཕྲོ་ལས་ ཨ་ལུ་ཚུ་འབག་སྟེ་ ཉེན་སྲུང་གི་དོན་ལུ་ ཕྱི་ཁར་ཐོན་འགྱོཝ་ཨིན་ཟེར་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཊཱག་ཚུ་ལུ་དོས་ཚད་ལས་བརྒལ་ འབག་བཅུག་ནི་མེདཔ་ལས་ ལམ་ཁར་ཐོགས་ལུས་མི་དེ་ གྱེན་འཛེགས་མ་ཚུགས་པའི་ དཀའ་ངལ་འོང་ཟེར་ཨིནམ་ད་ ཕྱི་རུ་ཡང་ རྒྱུན་འགྲུལ་འཐབ་མི་དེ་ ལ་ལུ་དོས་བབཀལ་བའི་སྐབས་ ཕྱི་རུ་ཆུ་ཚོད་༥ ལས་ལྷག་སྟེ་ སྡོད་དགོཔ་ཐོན་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་གིས་སླབ་མིའི་ནང་  བྱེམ་བཏོན་སའི་ལམ་སེལ་བའི་སྐབས་ སྒེར་ས་ཌིསི་༦ དེ་ཅིག་ གཞུང་བཞེས་འབད་མིའི་ས་ཚབ་ཡང་ མ་ཐོབ་ཟེར་ཨིནམ་ད་ ས་ཚབ་དེ་ ཌིསི་༡༠ ལས་ ཡར་བཅད་འབད་མི་ཚུ་ལུ་ རྐྱངམ་གཅིག་ ཐོབ་ནུག་ཟེར་ ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment