གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསུང་སྐད་འགྲན་བསྡུར་ཡང་ ཀུན་ཚང་ཤེས་ཡོན་གྲངས་སུ་ཚུདཔ་ཨིནམ།

༢༠/༥/༢༠༡༣   ༉ སློབ་གྲྭ་ཁག་ཚུ་ནང་ གསུང་སྐད་འགྲན་བསྡུར་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་དེ་གིས་ སློབ་སྟོན་གྱི་ དུས་ཚོད་ཚུ་ལུ་ ཐོ་མི་ཕོག་ག་ཟེར་ སྤྱིར་བཏང་མི་མང་ལུ་ དོགས་སྣང་བྱུང་དོ་ཡོདཔ་ཨིན་རུང་ ཤེས་རིག་གི་ སྲིད་བྱུས་ནང་ར་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་སྦེ་ཡོདཔ་ཨིན་པས།
གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ སློབ་ཕྲུག་བུཚ་དང་བུམོ་ཚུ།


དེ་ཡང་ ཤེས་རིག་གི་ སྲིད་བྱུས་དང་འཁྲིལཝ་ད་ ན་གཞོན་ཚུ་ལུ་ སློབ་དེབ་ཚུ་ནང་ཡོད་མི་ འབྲི་ལྷག་གི་ ཤེས་ཡོན་རྐྱངམ་གཅིག་ལུ་ གཙོ་བོར་གཏོན་ནི་མེན་པར་ ཀུན་ཚང་ཤེས་ཡོན་ཐོབ་ཐབས་ལུ་ སློབ་གྲྭ་ཁག་ཚུ་ནང་ ཀུན་ཚང་ཤེས་ཡོན་གྱི་ ལས་རིམ་ཁག་མ་འདྲཝ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཀུན་ཚང་ཤེས་ཡོན་ཟེར་མི་འདི་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཁོང་གི་མི་ཚེ་ནང་མཁོ་བའི་ ལཱ་གཡོག་གི་ རིག་རྩལ་གཞན་ སློབ་སྟོན་འབད་མི་ལུ་ སླབ་ཨིནམ་ད་ ཧཱ་གོང་གཟིམ་ཨོ་རྒྱན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མ་བཟུམ་ཅིག་ལུ་ དཔེ་བཞག་པ་ཅིན་ ལས་རིམ་ཁག་མ་འདྲཝ་ ལེ་ཤ་འགོ་འདྲེན་འཐབ་དོ་ཡོད་མི་ལས་ གསུང་སྐད་འགྲན་བསྡུར་འདི་ ལོ་བསྟར་གྱི་ ལས་རིམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དུས་ཅིའི་ གསུང་སྐད་འགྲན་བསྡུར་དེ་ སྤ་རོ་མཐོ་རིམ་སློབ་གྲྭ་ནང་ལས་ སློབ་སྟོན་སྦྱང་བ་ནང་འོང་མི་༣ གྱིས་ འགོ་འདྲེན་ཐོག་ སློབ་རིམ་༡༡ པའི་ ཚོང་རིག་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འགོ་འདྲེན་པ་ སློབ་དཔོན་ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ སློབ་སྟོན་འབད་ནིའི་ སྦྱང་བ་རྐྱངམ་གཅིག་མེན་པར་ མ་འོངས་པ་ལུ་ སློབ་དཔོན་གྱི་ འགན་ཁུར་ལེན་ཏེ་ སློབ་གྲྭ་ཁག་ཚུ་ནང་ལས་ཕར་འགྱོཝ་ད་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ སྦྱང་བ་ཐོབ་ཐབས་ལུ་ཨིན་ཟེར་ཨིན་པས།
འགོ་འདྲེན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་ད་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ དངུལ་རྐྱང་གི་ ཆ་རོགས་འབད་ཡོདཔ་མ་ཚད་ ལས་སྡེ་གཞན་དང་ མི་ངོམ་ཚུ་གིས་ཡང་ ཆ་རོགས་འབད་ཡོད་མི་ལུ་ ལྟ་བ་ཅིན་ མ་འོངས་སློབ་སྦྱོང་པ་ཚུ་ལུ་ཡང་ དེ་བཟུམ་མའི་ ལས་རིམ་ཚུ་འགོ་འདྲེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་ནིའི་ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིན་པས།
འདས་པའི་ལོ་ནང་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཅིག་ཨིན་མི་ སློབ་རིམ་༡༢ པའི་ཚོང་རིག་སློབ་ཕྲུག་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ དུས་ཅིའི་ གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་ཐངས་དེ་ ལེགས་ཤོམ་ཡོད་རུང་ ཧེ་མའི་ལོ་དང་ཕྱདཔ་ད་ གསོལ་རས་ཚུ་ ཉུང་སུ་ཅིག་སྦེ་འདུག་ཟེར་ཨིན་པས།
གསུང་སྐད་འགྲན་བསྡུར་གྱི་ ཨང་༡ པ་དེ་ སློབ་རིམ་༡༠ པའི་སློབ་ཕྲུག་ འཇིགས་མེད་རྡོ་རྗེ་གིས་ ཐོབ་ཡོདཔ་ད་ ཁོ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༤,༡༠༥ དང་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༣,༡༠༥ འབད་མི་དེ་ སློབ་རིམ་༡༠ པའི་སློབ་ཕྲུག་ ཕུརཔ་བཟངམོ་གིས་ ཐོབ་ཡོདཔ་ད་ ཨང་༣ པ་དེ་ སློབ་རིམ་༩ པའི་སློབ་ཕྲུག་ ཐུགས་རྗེ་བཟངམོ་གིས་ ཐོབ་ཡོདཔ་བཞིན་དུ་ གསོལ་རས་ཚུ་ཡང་ ཧཱ་གི་རྫོང་བདག་ བསོད་ནམས་དབང་འདུས་ཀྱིས་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༡༣ ལུ་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་གིས་ གཞི་བཙུགས་འབད་མི་ ཧཱ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་དེ་ འབྲུག་རྒྱལ་ཁབ་ཀྱི་ སློབ་གྲྭ་དང་པ་ཨིན་པའི་ཁར་ དེང་སང་གི་ ཤེས་རིག་ལམ་ལུགས་ གཞི་བཙུགས་འབད་དེ་ མི་ལོ་བརྒྱ་གཅིག་འཁོར་བའི་ དུས་སྟོན་གྱི་སྐབས་ གཞུང་གིས་ སློབ་གྲྭའི་མིང་ཡང་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་ཟེར་ བསྒྱུར་བཅོས་འབད་ཡོདཔ་ད་ ད་རེས་ནངས་པ་ སློབ་གྲྭ་དེ་ནང་ སློབ་ཕྲུག་ཡོངས་བསྡོམས་༦༡༨ དང་ སློབ་དཔོན་༣༦ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ འཇམ་དབྱངས་ཕུན་ཚོགས།

No comments:

Post a Comment