གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༥/༢༠༡༣   གོ་སའི་མིང་གནས་དང་ དཔའ་རྟགས་བཀབ་ནེ་ལག་ལེན་ལམ་ལུགས་དྭངས་གསལ་མེདཔ།
༉ འཕྲལ་ཁམས་ཅིག་ཁར་ བློན་པོ་བགྲེསཔ་ཅིག་གིས་ ཁོ་ར་ ལྷན་ཁག་ནང་ ལཱ་འབད་ནི་མེད་རུང་ ད་ལྟོ་ དཔའ་རྟགས་དང་ བཀབ་ནེ་ལི་ཝང་བཀབ་ཐོག་ལས་ བློན་པོའི་གོ་གནས་ཀྱི་ འགན་ཁུར་འབག་བཞིན་དུ་ཡོདཔ་ལས་ བརྡ་བརྒྱུད་གསར་ཤོག་ཅིག་གིས་ བློན་པོའི་མིང་གནས་ལག་ལེན་མ་འཐབ་པས་ཟེར་ ཉོགས་བཤད་བཀོད་ནུག།


འདི་བཟུམ་མའི་ གོ་སའི་མིང་གནས་ཀྱི་སྐོར་ ཉོགས་བཤད་བཀོད་མི་དེ་ དང་པ་མེན་མི་དེ་ཡང་ སྤྱི་ལོ་༢༠༠༨ ལུ་ འབྲུག་ལུ་ དམངས་གཙོའི་རིང་ལུགས་གཞི་བཙུགས་དང་འབྲེལ་ སྲིད་དོན་ནང་ བཅའ་མར་གཏོགས་མི་ བློན་པོ་བགྲེསཔ་དང་ གཉིས་སྐལ་མའི་ གོ་གནས་འཆང་མི་ཚུ་གི་ གོ་སའི་མིང་གནས་ལག་ལེན་འཐབ་མི་འཐབ་ཀྱི་ རྩོད་དོན་ཚུ་ཐོན་ཡི།
འདི་འབདཝ་ད་ བརྡ་བརྒྱུད་ཀྱི་ཁ་ཐུག་ལས་ གོ་སའི་མིང་གནས་ལག་ལེན་མ་འཐབ་པར་ ཐད་ཀར་དུ་ ཁོང་རའི་མིང་བཙུགས་ཏེ་ ཁྱབ་སྤེལ་འབད་ཞིནམ་ལས་ཚུར་ བརྡ་བརྒྱུད་ཚུ་གི་གྲས་ལས་ ཀུན་གསལ་གྱིས་ འབྲེལ་བ་ཡོད་པའི་ ལྷན་ཁག་ནང་མིན་པར་ ལྷན་ཚོགས་དང་ ཡང་ཅིན་ ལས་སྡེ་གཞན་ནང་ ཕྱག་ལཱ་གནང་མི་ཚུ་ལུ་ གོ་གནས་དང་བསྟུན་པའི་མིང་གནས་ དཔེར་ན་ ཁྲི་འཛིན་དང་ འཐུས་མི་སྦེ་ ལག་ལེན་འཐབ་མ་གཏོགས་ བློན་པོ་སྦེ་ འབྲི་ནི་མེདཔ་ཨིན།
འདི་བཟུམ་སྦེ་ སྤྱི་ཚོགས་བཟུམ་ཅིག་ལུ་ ཆ་བཞག་རུང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གི་ བཀབ་ནེ་དེ་ ལི་ཝང་ཨིན་རུང་ ཁོང་རའི་འགན་འཁྲི་དང་ གོ་ས་དང་འཁྲིལ་ བློན་པོ་ཟེར་ སླབ་ནི་མེད་རུང་ སྤྱིར་བཏང་མི་མང་གིས་ གསུམ་ཆ་ར་ལུ་ བློན་པོ་ཟེར་ ཞུཝ་ཨིན་མས།
དེ་དང་འདྲཝ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེའི་ཁྲི་འཛིན་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་ཚུ་ལ་ཡང་ བློན་པོ་སྦེ་ ཞུ་མི་ལུ་བརྟེན་ མི་མང་ལས་ བཙག་འཐུ་གྲུབ་པའི་ བློན་པོ་ཚུ་དང་ ངོ་ཕྱེ་མ་ཚུགས་པར་ མགུ་འཐོམ་པའི་ གཞི་དོན་ཅིག་ལུ་གྱུར་བའི་ མངོན་གསལ་ཡང་བྱུང་ཡོད།
དེ་གིས་མ་དོ་བར་ ཧེ་མའི་ལམ་ལུགས་སྐབས་ བློ་གྲོས་ཚོགས་སྡེའི་ འཐུས་དཔོན་སྦེ་ གནས་ཡུན་ལོ་༣ གྱི་རིང་ གཞུང་དང་ མི་སེར་ལུ་ ཕྱག་ཞུ་མི་ མི་སེར་སྐུ་ཚབ་ཚུ་གིས་ བཀབ་ནེ་ཧོནམོ་བཀབ་བཞིན་དུ་ཡོདཔ་ལས་ མི་མང་འཛོམས་ས་དང་ དུས་སྟོན་ཚུ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ དབྱེ་བ་ཕྱེ་མི་ཚུགས་དོ་ཡོདཔ་ལས་ ལྷག་པར་དུ་ མགུ་འཐོམ་བྱུངམ་ཨིན་མས།
དྲང་དཔོན་བགྲེསཔ་ཚུ་གིས་ཡང་ ཁྲིམས་སྡེའི་བཀབ་ནེ་ལྕང་ཁ་ཚུ་ བཀབ་སར་མཐོངམ་ཨིན་མས།
ད་རེས་ནངས་པ་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་ཡོད་མི་དེ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ཚུ་གིས་ རང་སོའི་དཔའ་རྟགས་དང་ བཀབ་ནེ་བཀབ་ནི་ཚུ་ བཤོལ་བཞག་ཡོདཔ་མ་ཚད་ གོ་སའི་མིང་གནས་ དཔེར་ན་ བློན་པོ་དང་ དྲགོས་ལག་ལེན་མ་འཐམ་མི་དེ་ཡང་ ཁྲིམས་ཡིག་དང་འཁྲིལ་ དོ་འགྲན་འབད་མི་མ་མཉམ་ལུ་ བརྩི་མཐོང་འདྲ་མཉམ་དང་ གོ་སྐབས་འདྲ་མཉམ་ བྱིན་ཐབས་ལུ་ཨིན་མས།
ལམ་སྲོལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གི་ བསམ་འཆར་ལས་འབད་བ་ཅིན་ མི་དབང་མངའ་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀབ་ནེ་དམརཔོ་གནང་མི་ གཉིས་སྐལམ་ཚུ་མ་གཏོགས་ གོ་གནས་གཞན་དང་ བཀབ་ནེ་ཚུ་ ཁོང་རའི་གནས་ཡུན་སྐབས་རྐྱངམ་གཅིག་ ལག་ལེན་འཐབ་ནི་གི་ འོས་འབབ་ཡོདཔ་བཟུམ་ མཐོངམ་མས་ཟེར་ཨིན་མས།
དེ་འབདཝ་ད་ ཡིག་ཐོག་གི་ ཁྲིམས་ཡིག་སོ་སོ་ཅིག་མེདཔ་ལས་ བཀབ་ནེ་ཚུ་ བཀབ་ཆོག་མི་ཆོག་སྐོར་ སླབ་ཐབས་མེད་པའི་ཁར་ མི་ཆོག་ཟེར་ སླབ་ནི་གི་ དབང་ཚད་ཡང་མིན་འདུག་ཟེར་ ལམ་སྲོལ་འགོ་དཔོན་ཚུ་གིས་ སླབ་ཨིན་མས།
གནད་དོན་དེ་ཚུ་ལུ་བརྟེན་ གོ་སའི་མིང་གནས་དང་ དཔའ་རྟགས་བཀབ་ནེ་ཚུ་ ལག་ལེན་འཐབ་ཆོག་མི་ཆོག་གི་ ལམ་ལུགས་དྭངས་གསལ་ཅིག་ ངེས་པར་དུ་ བཟོ་གནང་དགོཔ་འདུག། འདི་བཟུམ་མའི་ ཁྲིམས་ཡིག་ཅིག་མེད་པ་ཅིན་ རྒྱལ་ཁབ་ནང་ བཀབ་ནེ་ལི་ཝང་དང་ ཧོནམོ་ ལྕང་ཁ་ཚུ་གིས་ གང་ནིའི་ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment