གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་ནི་ལུ་དོགས་སྣང་།

༢༠/༥/༢༠༡༣   ༉ པདྨ་དགའ་ཚལ་ལུ་ མི་སེར་ལ་ལུ་ཅིག་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཚུ་ལུ་ ངལ་རངས་བྱུང་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ད་རིས་ཀྱི་ བསྐུལ་བསྒྲགས་ནང་ སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ཟེར་ དོགས་སྣང་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལས་ བློན་ཆེན་བགྲེསཔ་ འཇིགས་མེད་འཕྲིན་ལས་ཀྱི་འདེམས་ཁོངས་ ན་ནོང་-ཤུ་མར་ལུ་ གསལ་བཤད་ཉན་པའི་ཤུལ་ལུ་ བསམ་འཆར་བཤདཔ་ཨིན་པས།



ཞི་གཡོགཔ་བགྲེསཔ་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་རའི་ ཁས་བླངས་གསལ་བསྒྲགས་ཚུ་ ཡིད་ཆེས་དང་ ངལ་རངས་ཏོག་ཏོ་ཡོད་རུང་ གལ་སྲིད་ གཞུང་སྐྱོང་གི་དོན་ལུ་ བཙག་འཐུ་འགྲུབ་པ་ཅིན་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ ཚ་གྱང་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ གྲོང་གཡུས་ནང་ དཀའ་ངལ་ཆེ་ཤོས་ར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་དེ་ཨིན་རུང་ སྲིད་ཚོགས་དེ་གཉིས་ཀྱིས་ དཀའ་ངལ་དེ་ ག་དེ་སྦེ་ བསལ་ཐབས་འབད་ནི་ཨིན་ན་ གསལ་བཤད་འབད་ནི་མིན་འདུག་ཟེར་ ཨ་ལུ་༣ གྱི་ཨ་པ་ ཆོས་ཉིད་རྡོ་རྗེ་གིས་ སླབ་པའི་ཁར་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ ཁོང་གི་དོན་ལུ་ གནད་དོན་ཆུང་ཀུ་ཅིག་ཨིནམ་འོང་ནི་ཨིན་རུང་ པདྨ་དགའ་ཚལ་གྱི་མི་སེར་བརྒྱ་ཆ་༨༠ ལྷགཔ་ཅིག་ འཚོ་བ་སོ་ནམ་གྱི་ ཐོན་སྐྱེད་ཚུ་ལུ་ བརྟེན་སྡོད་ཡོདཔ་ལས་ ང་བཅས་ཀྱི་དོན་ལུ་ གནད་དོན་སྦོམ་ཨིན་ཟེར་ བཤདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ བགོ་བཀྲམ་མ་འབད་བའི་ཧེ་མར་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ ནང་སྐོར་སློབ་གྲྭ་ཆེ་བའི་ སྤྱི་དོན་ཁང་ནང་ ཚོགས་རྒྱན་སྐྱུར་མི་༦༠ དེ་ཅིག་ འཛོམས་མི་ཚུ་ལུ་ སླབ་མིའི་ནང་ སྲིད་ཚོགས་ཀྱི་བསྐུལ་བསྒྲགས་དང་ ཡང་ཅིན་ འདི་བཟུམ་མའི་ འཛོམས་འདུ་ཚུ་ སྣང་ཆུང་སྦེ་ མ་བཞག་པར་ སོ་ནམ་གྱི་ ལཱ་བཟུམ་སྦེ་ གལ་ཆེ་ཧིང་འདྲ་མཉམ་བྱིན་ཏེ་ སྲིད་ཚོགས་༤ པོ་ ཆ་རའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ ཧ་གོ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
གཙོ་འཛིན་གྱིས་ རྫོང་ཁའི་ནང་ གསལ་བཤད་འབད་མི་དེ་ ན་ནོང་-ཤུ་མར་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་ འཇིགས་མེད་འབྲུག་པ་གིས་ ཤར་ཕྱོགས་པའི་ཁ་སྐད་ནང་ སྐད་སྒྱུར་རྐྱབ་སྟེ་ གསལ་བཤད་འབད་ནུག།
མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གྲོང་གཡུས་གནས་རིམ་གྱི་ ལས་སྣ་གལ་ཅན་གྱི་རིགས་ཆ་མཉམ་ མི་སེར་ཚུ་ལུ་ ཕྱིར་སྤེལ་འབད་ནི་ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་ ཆུ་དུང་ཅིག་དང་ ཡང་ཅིན་ ཞིང་ལམ་མེདཔ་ཐལ་རུང་ དེ་གི་སྐོར་ལས་ གཞུང་ལུ་ སྙན་ཞུ་འབད་མ་དགོ་པར་ ཐད་ཀར་དུ་ མི་སེར་ཁོང་ར་གིས་ བཅོ་ནི་གི་ འགན་དབང་སྤྲོད་འོང་ཟེར་ཨིན་པས།
ཚོགས་པ་དེ་གིས་ རྒེད་འོག་གི་ འཆར་དངུལ་མ་རྩིས་བར་ རྒེད་འོག་གོང་འཕེལ་ལས་སྣ་ཚུ་གི་དོན་ལས་ རྒེད་འོག་རེ་ལུ་ ལོ་བསྟར་བཞིན་དུ་ མ་དངུལ་ས་ཡ་༢༠ རེ་ བཞག་ནི་ཨིནམ་མ་ཚད་ གློ་བུར་སྨན་བཅོས་ཀྱི་དོན་ལུ་ གནམ་གྲུ་ཧེ་ལིམ་ཀོབ་ཊར་༢ མཁོ་སྤྲོད་འབད་ནི་དང་ རྒེད་འོག་ལྟེ་བ་ཚུན་ ཞིང་ལམ་ཚུ་ རྩི་ནག་གཏང་ནི་ སྤྱི་འོག་རེ་ལུ་ ཞིང་རྨོང་འཕྲུལ་རེ་ མཁོ་སྤྲོད་འབད་འོང་ཟེར་ གཙོ་འཛིན་གྱིས་ ཁས་བླངས་འབད་ནུག།
ཁོ་གིས་འབད་བ་ཅིན་ ལོ་ལྔའི་རིང་ གཞུང་སྐྱོང་ནི་གི་ གོ་སྐབས་གནང་པ་ཅིན་ ཧེ་མའི་གཞུང་བཟུམ་མིན་པར་ ཁས་བླངས་འབད་མི་ཚུ་ གནས་ཡུན་ནང་འཁོད་ལུ་ འགྲུབ་ཚུགས་ཟེར་ཨིནམ་ད་ བཙག་འཐུ་གྲུབ་མི་གཞུང་དེ་ གནས་ཡུན་ལོ་༥ གི་དོན་ལུ་ཨིནམ་ལས་ ཁས་བླངས་འབད་མི་ཚུ་ དུས་ཚོད་དེ་གི་ ནང་འཁོན་ལུ་ འགྲུབ་བ་ཚུགས་པ་ཅིན་ སྲིད་ཚོགས་ཚུ་གིས་ འཐུས་ཤོར་བའི་ རྟགས་མཚན་ཨིན་ཟེར་ཨིན་པས།
ད་རུང་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་མའི་ གཞུང་གི་སྐབས་ལུ་ ཧེ་མ་མ་ཐོན་པའི་དཀའ་ངལ་ དཔེར་ད་ རུ་པིའི་མ་ལངམ་ ངན་ལྷད་ བུ་ལོན་ལ་སོགས་པའི་ དཀའ་ངལ་ཐོན་མི་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་གིས་ སེམས་དྲནམ་བཏོན་ཏེ་ ལཱ་མ་འབད་བའི་ སྐྱོན་ཨིན་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment