གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུག་ཤ་མུ་ བརྟག་དཔྱད་འབད་ནི་ལུ་ དཔེ་ཚད་ངོས་འཛིན་འབད་མ་ཚུགསཔ།

༢༠/༥/༢༠༡༣   ༉ དུག་ཤ་མུ་བཟའ་མི་ལུ་བརྟེན་ མི་༤ ལུ་ ཤི་རྐྱེན་བྱུང་རུང་ ལྷག་ལུས་ མི་༡ ཡོད་མི་དེ་ ད་ལྟོ་ གནས་སྟངས་དུམ་གྲ་ཅིག་ ལེགས་ཤོམ་ཡོདཔ་ལས་ བསམ་རྩེ་སྨན་ཁང་གིས་ བརྟག་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ཚེ་འདས་བཟའ་ཚང་ཚུ་གིས་ དུག་ཡོད་མི་ ཤ་མུ་འདི་བཟུམ་ བཟའ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།


ཕོ་སྐྱེས་དེ་གིས་ ཁོ་རའི་ཁྱིམ་ཚང་ ཚེ་འདས་ཀྱི་ཁྱིམ་ནང་ལས་ ཤ་མུ་གི་ཚོདམ་བཟའ་བའི་ཤུལ་ལུ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ སྨན་ཁང་ནང་ སྨན་བཅོས་འབད་བར་ བསྐྱལ་ཡོདཔ་ཨིན་པས།
བསམ་རྩེ་ཐར་པ་གླིང་གཡུས་ཚན་ལས་ཨིན་མི་ བཟའ་ཚང་གིས་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ཚེ་འདས་ཕོ་སྐྱེས་དེ་གིས་ ནགས་ཚལ་ནང་ལས་ ཤ་མུ་སྤོག་འབག་འོང་སྟེ་ ཚོདམ་བསྐོལ་བཟའ་ནུག་ཟེར་ཨིན་པས།
ཐར་པ་གླིང་གཡུས་ཚན་དེ་ རྒེད་འོག་ལྟེ་བའི་ནང་ལས་ དུས་ཡུན་ཆུ་ཚོད་༣ འགྱོ་དགོ་པའི་ས་གནས་ཁར་ཨིནམ་ད་ རྫོང་ཁག་གསོ་བའི་འགོ་དཔོན་ ཚེ་རིང་ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་དག་པ་ཅིག་གི་ཧེ་མར་ ཕོ་སྐྱེས་དེ་གི་ཁྲག་ བརྟག་དཔྱད་འབད་བའི་སྐབས་ མཆིན་པ་འདི་ ལེགས་ཤོམ་སྦེ་ར་ཡོད་པའི་གསལ་སྟོན་བྱུང་རུང་ མཆིན་པ་མེན་པའི་ གཞན་མི་ ཡན་ལག་ཆ་ཤས་ཚུ་ལུ་ གནོད་པ་ག་དེ་སྦེ་ རྐྱབ་ཅི་ག་ སླབ་མི་ཤེས་ཟེར་ཨིན་པས།
དྲུང་འཚོ་གིས་འབད་བ་ཅིན་ ཁོང་གིས་ ཁྲག་བརྟག་དེ་ མཆིན་པ་ནང་གི་ པོ་རོན་ཐོམ་བིན་ཟེར་མིའི་ནང་ འབད་ཡི་ཟེར་ཨིནམ་ད་ དེ་གིས་ མཆིན་པ་ནང་གི་ ཁྲག་འཁྱིལ་སྡོད་ནི་ལུ་ཕན་ཐོགསཔ་ཨིན་རུང་ ག་དེམ་ཅིག་སྦེ་ མཆིན་པ་ནང་ དུག་འཛུལ་སོ་པ་ཅིན་ པོ་རོན་ཐོམ་བིན་ལུ་གནོད་པ་རྐྱབ་སྟེ་ མཆིན་པའི་ནང་ལས་ ཁྲག་ཐོནམ་ཨིན་ཟེར་ཨིན་པས།
ཚེ་འདས་བཟའ་ཚང་ཚུ་གི་ མཆིན་པའི་ནང་ ཧེ་མ་ལས་ དུག་འཛུལ་སོ་ནུག་ཟེར་ཨིནམ་ད་ ཚེ་རིང་ཏ་མང་གིས་ བཤད་མིའི་ནང་ སྨན་ཁང་ནང་ཡོད་པའི་ མཁལ་རྡོག་དང་ མཆིན་པ་ དེ་ལས་ གུ་རམ་ནད་གཞི་ བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་དེ་ ཟླ་ངོ་༣ གི་ཧེ་མ་ལས་ར་ མེདཔ་ཐལ་སོཔ་ལས་ གཟུགས་ཀྱི་ཡན་ལག་ལ་ལུ་ཅིག་ བརྟག་དཔྱད་འབད་མ་ཚུགས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ ནདཔ་དེ་གི་ཕོ་རྒནམ་ལུ་ ཤ་མུ་ག་ཅི་བཟུམ་ཟ་བཟའཝ་ཨིན་ན་ བལྟ་ནིའི་དོན་ལུ་ ཤ་མུ་གི་ དཔེ་ཅིག་ འབག་ཤོག་ཟེར་ སླབ་ཅི་ཟེར་ཨིན་པས།
ཨོ་རྒྱན་རྩེ་རྒཔོ་ བསོད་ནམས་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཚོད་ འ་ནེམ་གཅིག་ཁར་ ས་གནས་ཀྱི་མི་ཚུ་ ནགས་ཚལ་ནང་ ཤ་མུ་སྤོག་པ་འགྱོ་དོ་ཡོདཔ་ཨིན་རུང་ ཚེ་འདས་བཟའ་ཚང་ཚུ་གིས་ཟ་མི་ ཤ་མུ་དེ་གི་ མིང་ གོ་ར་མ་གོཝ་ཅིག་ཨིནམ་མ་ཚད་ ཁོང་གིས་ ཧེ་མ་ལས་ འདི་བཟུམ་གྱི་ཤ་མུ་ མ་མཐོང་ཟེར་ཨིན་པས།
རྒྱལ་ཡོངས་ཤ་མུ་འཛུགས་སྐྱོང་ལྟེ་བའི་ནང་ལས་ སྡེ་ཚན་ཅིག་གིས་ ཚེ་འདས་བཟའ་ཚང་ཚུ་གིས་ ཤ་མུ་ག་ཅི་བཟུམ་ཅི་ ཟ་ཡོདཔ་ཨིན་ན་ བརྟག་དཔྱད་འབད་ནིའི་དོན་ལུ་ གཡུས་ཁར་ལྷོད་ཡོདཔ་ཨིན་པས།
ཤ་མུ་ལྟ་རྟོག་པ་གོངམ་དང་ ལས་རིམ་མདོ་ཆེན་ངོ་ཚབ་ ཨེལ་བི་ཏ་མང་གིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ དུས་ཡུན་ཆུ་ཚོད་༦ གི་རིང་འཚོལ་རུང་ ཤ་མུ་དེ་འཚོལ་མ་ཐོབ་ཟེར་ཨིནམ་ད་ ཤ་མུ་མཐོང་མིའི་ བཟའ་ཚང་ཚུ་ག་ར་ ཤི་སོ་ནི་དེ་གིས་ ཤ་མུ་ཚུ་ གཏན་འཁེལ་སྦེ་ ངོས་འཛིན་འབད་དེ་ སླབ་ཚུགས་མི་ཅིག་ མིན་འདུག་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་ཀྱི་ ཨ་པ་ཨིན་མི་ སྐྱེས་ལོ་༧༨ ལང་མི་ ཨ་རྒས་ཀྱིས་འབད་བ་ཅིན་ ཤ་མུ་དེ་ བཟའ་བཏུབ་ཨིན་ན་མེན་གྱི་སྐོར་ལས་ ཁོ་ལུ་སྟོན་པ་འོང་ཡི་ཟེར་ཨིན་རུང་ ཁོ་ལུ་ ཤ་མུ་སྟོན་པའི་སྐབས་ གནམ་ཕྱིས་སུ་ཅིག་ཡར་སོ་ནི་དེ་གིས་ ལེགས་ཤོམ་ཅིག་སྦེ་ མ་མཐོང་ཟེར་ཨིན་པས།
ཤ་མུ་གི་ སྤྱི་ཏོ་ཁ་ལས་ ལེབ་ཏ་ཏ་སྦེ་ཡོདཔ་མ་ཚད་ ཚོད་གཞི་ཡང་ གནགཔོ་སྦེ་མཐོང་ནི་དེ་གིས་ དོམ་ཤ་མུ་ཨིན་མས་ཟེར་མནོ་སྟེ་ ཁོ་གིས་ བཟའ་བཏུབ་ཟེར་ སླབ་ཅི་ཟེར་ཨིན་པས།
ཚེ་འདས་ཚུ་གི་ ན་ཐངས་ལུ་ལྟ་བ་ཅིན་ དུག་ཤ་མུ་ ཨ་མ་ནི་ཏ་ཟེར་མི་དེ་ ཟ་བཟའཝ་བཟུམ་ཅིག་ མཐོང་མས་ཟེར་ ཨེལ་བི་ཏ་མང་གིས་ སླབ་ཨིན་པས།
དུག་ཤ་མུ་དེ་ ད་ལྟོ་ག་གིས་ཡང་ མ་མཐོངམ་ལས་ གཏན་འཁེལ་སྦེ་ ཤ་མུ་ཨ་མ་ནི་ཏ་བཟའ་ནུག་ཟེར་ སླབ་མི་ཚུགས་ཟེར་ ཨེལ་བི་ཏ་མང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment