གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༤ ཡོད་མི་ལུ་བརྟེན་ གདམ་འཐུ་འབད་ནིའི་དོན་ལུ་ བཅའ་མར་གཏོགས་དགོཔ་གལ་ཆེཝ།

༢༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ སྤྱིར་བཏང་གྲོས་འཛོམས་ བཙན་མཁར་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་མི་༣༠༠ ལྷགཔཅིག་ འོང་ཡོདཔ་ལས་ རྒེད་འོག་གི་ ཚོགས་ཁང་ནང་མ་ཤོང་པར་ མི་ཚུ་ ཕྱི་ཁར་ལས་ བལྟ་དགོཔ་ཐོན་ཡོདཔ་ཨིན་པས།
གཡུས་མི་ཅིག་གིས་ སྲིད་ཚོགས་ཀྱི་ བརྡ་དོན་ཤོག་དེབ་ ལྷག་པའི་བསྒང་།  


མི་སེར་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ མ་གཞི་ ཁོང་གིས་ གདེམས་ངོ་ཚུ་གི་སྐོར་ལས་ ཧ་གོ་རུང་ གྲོས་འཛོམས་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ དུས་ཅི་ ཧེ་མ་བཟུམ་སྦེ་མེན་པར་ སྲིད་ཚོགས་༤ ཡོདཔ་ལས་ སྲིད་ཚོགས་ལྕོགས་གྲུབ་ཅན་ གདམ་འཐུ་འབད་ནིའི་དོན་ལུ་ ཁོང་གི་ཁས་བླངས་དང་ ལྟ་བ་ག་ཅི་ཨིན་ན་ བལྟ་བར་འོང་ཡི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གདེམས་ངོ་ འཇིགས་མེད་ནོར་བུ་གིས་ སླབ་མིའི་ནང་ སྤྱིར་དབང་ཟེར་བའི་དོན་ཡང་ མི་སེར་སྤྱིར་བཏང་གི་དབང་བའི་ཚོགས་པ་ཅིག་ཨིནམ་ལས་ ཚོགས་པ་དེ་གིས་ མི་སེར་ཚུ་གི་དཀའ་སྡུག་ལེགས་ཤོམ་སྦེ་ ཧ་གོ་ཨིན་མི་ཚུ་ཡོདཔ་ལས་ མི་སྡེ་ནང་ཡོད་པའི་དཀའ་ངལ་དེ་ རྩ་བ་ལས་བསལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ མི་སེར་ཚུ་གི་ སེམས་ལས་འབད་རུང་ ཁོ་ར་ ད་ལྟོ་ ལོ་ན་ཆུང་ཀུ་ཨིན་མས་ཟེར་ མནོ་བསམ་བཏང་ནི་མི་འོང་ཟེར་ཨིནམ་ད་ ཁོ་ར་གིས་འབད་རུང་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་ལུ་ ཕྱག་ཕྱིད་ལེགས་ཤོམ་སྦེ་ར་ ཞུ་ཚུགས་ཟེར་ཨིནམ་ལས་ དོགས་པ་བཟའ་ནི་མི་འོང་ཟེར་ཨིན་པས།
ཁོ་ར་ སློབ་དཔོན་སྦེ་ཕྱག་ཞུ་བ་ཅིན་ མི་དག་པ་ཅིག་ལུ་མ་གཏོགས་ ཕྱག་ཞུ་མི་ཚུགས་ནི་ཨིནམ་ལས་ གལ་སྲིད་ སྲིད་ཚོགས་ནང་བཙག་འཐུ་འགྲུབ་ཚུགས་པ་ཅིན་ རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགས་པའི་ལྕོགས་གྲུབ་ཁོ་ལུ་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ གདམ་འཐུ་ལེགས་ཤོམ་སྦེ་ གནང་དགོ་ཟེར་ཨིནམ་ད་ ལེགས་བསྒྱུར་དེ་ འབྲུག་སྤྱིར་དབང་ཚོགས་པ་གིས་ འབད་ཚུགས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གདེམས་ངོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ མཉམ་རུབ་ཚོགས་པ་ཟེར་མི་དེ་ཡང་ མི་སེར་ཚུ་གིས་ མཉམ་རུབ་ཐོག་ལས་བཟོ་མི་ ཚོགས་པ་ཅིག་ཨིནམ་ལས་ ཚོགས་པ་དེ་ནང་འཐུས་མི་ཚུ་ཡང་ ཉམས་མྱོང་ཅན་དང་ ཤེས་ཡོན་ཅན་ལེ་ཤ་ཡོདཔ་ལས་ ཚོགས་པའི་ཚ་གྱང་དེ་ མི་སེར་ཚུ་གི་ཚ་གྱང་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་གཞི་ ལོ་༥ འི་འཆར་གཞི་༡༠ པ་དེ་ སྤྱི་ལོ་༡༩༦༠ དེ་ཅིག་ལས་ བརྩམ་གནང་ཡོད་རུང་ ད་ལྟོ་ཚུན་ ལེགས་བསྒྱུར་ཚུ་ མི་སེར་ཚུ་གིས་ རེ་འདོད་བསྐྱེད་མི་དང་འཁྲིལ་མེདཔ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ མི་སེར་ཚུ་གི་ སྐྱིད་སྡུག་ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་ལས་ ད་ལས་ཁར་ མི་སེར་ཚུ་གི་ དཀའ་ངལ་བསལ་ཞིནམ་ལས་ རྒྱལ་ཁབ་ནང་ ཞི་བད་བཟོ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་གདེམས་ངོ་ ཚེ་རིང་བསྟན་འཛིན་གྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ གཞུང་སྐྱོང་གི་ གོ་སྐབས་ཐོབ་མི་དེ་ཡང་ མི་སེར་ཚུ་གིས་ ཚོགས་པའི་ལྟ་བ་ལུ་ ཡིད་ཆེས་དང་ ངལ་རངས་ཡོདཔ་ལས་ མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ ཕྱག་ཞུ་ཚུགས་མི་ལུ་ དགའ་ཚོར་ཡོད་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ མི་སེར་ཚུ་ལུ་ ཕྱག་ཞུ་ཆོག་ཆོ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ཡི་ཟེར་ཨིན་རུང་འཐུས་ཤོར་རེ་ཡོད་པ་ཅིན་ བཟོད་པ་བཞེས་དགོ་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ལཱ་གཡོག་གི་དོན་ལུ་དང་ རྒྱུ་སྟོབས་ དེ་ལས་ དབང་ཚད་སྤྲོད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་མི་ལུ་ བཙུགས་གནང་དགོ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གདེམས་ངོ་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་འགྲུབ་མ་ཚུགས་རུང་ སེམས་དཔའ་མ་ཞུམ་པར་ ཕྱག་ཞུ་ནིའི་དོན་ལུ་ དོ་འགྲན་འབད་མི་དེ་ནང་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ ཚ་གྱང་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲིད་ཚོགས་དེ་གིས་ མི་སེར་ཚུ་གི་དོན་ལུ་ གདམ་ཁ་སྤྲོདཔ་ཨིན་ཟེར་ཨིནམ་མ་ཚད་ འདས་པའི་གཞུང་གིས་གཞུང་སྐྱོང་གི་ཕྱག་ཞུ་བའི་སྐབས་ལུ་ ག་དེ་སྦེ་ ཕྱག་ཞུ་ཡི་ག་ མི་སེར་ཚུ་ལུ་ དོགས་པ་སྦོམ་འདུག་ཟེར་ཨིནམ་ད་ སྲིད་ཚོགས་གསརཔ་ཚུ་གིས་ དོ་འགྲན་འབད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ གཞུང་སྐྱོང་འབད་ཕྱག་ཞུ་བའི་སྐབས་ལུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ཕྱག་ཞུ་ཡོད་པ་ཅིན་ ད་རེས་ དུས་ཚོད་འ་ནེམ་ཅིག་ལུ་ བསྐུལ་བསྒྲགས་ཚུ་ གཞན་མི་སྲིད་ཚོགས་ཚུ་བཟུམ་སྦེ་ སྲིད་འཛིན་གྱིས་གཙོས་ཏེ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ འགྱོ་དགོཔ་མིན་འདུག་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ གྲུབ་འབྲས་ཚུ་ག་ར་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་འབད་ཡོད་པའི་ གྲུབ་འབྲས་ཨིན་ཟེར་ མི་སེར་ཚུ་ལུ་ སླབ་དོ་ཡོད་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ ལས་ཁུངས་དང་ ལས་སྡེ་ཁོང་རའི་ ལྕོགས་གྲུབ་ལུ་བརྟེན་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ ཉག་རྐྱང་གིས་ འབད་འབདཝ་མེན་ཟེར་ཨིན་པས།
དེ་མ་ཚད་ ཁོ་རའི་གདེམས་ཁོང་ནང་ སོ་ནམ་ཞིང་ལམ་བསལ་ནིའི་དོན་ལུ་ མ་དངུལ་ཚུ་ཡང་ འབྲུག་ཕུན་སུམ་ཚོགས་པ་ དབུ་མ་བརྙེས་པའི་ཧེ་མ་ལས་ གཏན་འཁེལ་སོང་ཡོདཔ་ལས་ ད་རེས་ འབྲུག་ཕུན་སུམ་ཚོགས་པའི་སྐབས་ལུ་གྲོགས་རམ་ལུ་བརྟེན་ བསལ་གནང་ཡི་ཟེར་མི་དེ་ མི་བདེན་ཟེར་ཨིན་པཤ།
ཁོ་གིས་ མི་སེར་ཚུ་ལུ་ དོགས་སེལ་འབད་མིའི་ནང་ ཁུར་ཆ་གཡག་གིས་འབག་རུང་ སྐད་འབྱོགཔ་གིས་རྐྱབ་ཟེར་ སླབ་དོ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁུར་ཆ་གཡག་གིས་འབག་མི་དེ་ སྐད་འབྱོགཔ་གིས་མི་རྐྱབ་ཟེར་ཨིནམ་ལས་ ད་ལྟོ་ ལ་མ་བརྒལ་ལ་རྩེའི་སྦུག་ལུ་དང་ ཆུ་མ་བརྒལ་ཟམ་པའི་སྦུག་ལུ་ཨིནམ་ལས་ སྲིད་ཚོགས་དེ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཕན་ཐོགས་ཅན་གྱི་སྲིད་ཚོགས་ གདམ་འཐུ་གནང་དགོཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment