གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་གུང་པ་༦༨ ཀྱི་དོན་ལུ་ གཞི་གསར་ལས་འགུལ།

༡༩/༡༢/༢༠༡༢   ༉ པདྨ་དགའ་ཚལ་ ངང་ལམ་ཁྲོམ་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ས་ཁར་ཡོད་མི་ བོ་རང་མ་གི་ ནགས་ཚལ་ནང་ ཤིང་ཚུ་ག་ར་ བརྡབ་བཏང་ཞིནམ་ལས་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ གཞིས་གསར་བཟོ་ནི་ཨིན་པས།
བོ་རང་མ་ལུ་ གཞིས་གསར་ཆགས་ནིའི་དོན་ལུ་ ནགས་ཚལ་ཚུ་ སེལ་ཡོད་པའི་མཐོང་སྣང་།


ནོར་བུ་སྒང་རྒེད་འོག་གི་ ཤི་ལོང་པ་ཟེར་སླབ་མི་ སོ་ནམ་པ་༨༨ ཀྱིས་ བོ་རང་མ་ནགས་ཚལ་ནང་ གུར་སྤུབས་སྡོད་ཞིནམ་ལས་ ཤིང་ཚུ་ བརྡབ་བཏང་དོ་ཡོདཔ་མ་ཚད་ རག་རོ་ཚུ་བསལ་ཏེ་ གཞིས་གསར་ས་ཆ་ བཟོ་དོ་ཡོདཔ་ཨིན་པས། 
ལཱ་འབད་མི་ སོ་ནམ་པ་ཚུ་ གུར་༡༠ ནང་སྡོད་དོ་ཡོདཔ་མ་ཚད་ བཞེས་སྒོ་ཡང་ གཅིག་ཁར་བཟོ་བཟའ་དོ་ཡོདཔ་ཨིན་པས།
བོ་རང་མ་ནགས་ཚལ་སེལ་མི་ སོ་ནམ་པ་ཚུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་ཁབ་ནང་ ས་ཆ་ཆུང་ཀུ་ཅིག་ཡང་མེད་མི་ ཁྱིམ་གུང་པ་༦༨ ཡོད་མིའི་གྲས་ལས་ཨིན་པས།
ཁོང་ལུ་ ས་གཞིས་མེད་མི་དེ་ཡང་ ཧེ་མ་ ངང་ལམ་བདེ་ཆེ་གླིང་ལུ་སྡོད་མི་ཚུ་གིས་ ཁོང་རའི་ ས་གཞིས་ཚུ་བཀོག་བཞག་སྟེ་ རྒྱ་གར་གྱི་ས་གནས་ ཤི་ལོང་ལུ་ སྤོ་བཤུད་འབད་འབདཝ་ཨིནམ་ད་ ད་ལྟོ་ ས་གནས་ནང་ཡོད་མི་ལ་ལུ་ཅིག་ ན་གཞོན་ཨིནམ་མ་ཚད་ ལ་ལུ་ཅིག་ སྐྱེས་རང་མ་སྐྱེས་ཟེར་ཨིན་པས།
མི་སེར་སོ་ནམ་པ་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཁོ་རའི་ ཕམ་ཚུ་དང་གཅིག་ཁར་ རྒྱ་གར་ཤི་ལོང་ལུ་ ལོ་༡༩ གི་རིང་ སྡོད་ཅི་ཟེར་ཨིན་པས།
ཨ་ལུ་༦ གི་ཨ་པ་ཨིན་མི་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ཤི་ལོང་ལུ་ སྡོད་པའི་རིང་ རྒྱ་གར་གྱི་ སའི་ཇོ་བདག་ཚུ་དང་གཅིག་ཁར་ ས་ཞིང་མཉམ་རུབ་སྦེ་ བཟའ་སྡོད་ཅི་ཟེར་ཨིནམ་ད་ ཁོ་གི་ཕམ་ཚུ་ འབྲུག་རྒྱལ་ཁབ་ནང་ལས་ རྒྱ་གར་ཤི་ལོང་ལུ་ ནམ་སོང་ཡོདཔ་ཨིན་ན་མ་ཤེས་རུང་ ཤི་ལོང་ལུ་ ལོ་༡༩ སྡོད་ཅི་ཟེར་ སླབ་མ་ཚད་ ཕམ་ཚུ་གིས་ རྒྱ་གར་ཤི་ལོང་ལུ་ གནད་དོན་ག་ཅི་ལུ་བརྟེན་ སྤོ་བཤུད་འབད་འབདཝ་ཨིན་ན་ མི་ཤེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་གར་ཤི་ལོང་ལུ་ ལོ་ངོ་༡༩ གི་རིང་ དཀའཝ་སྤྱད་པའི་ཤུལ་ལུ་ སྤྱི་ལོ་༡༩༧༩ ལུ་ ལོག་འབྲུག་རྒྱལ་ཁབ་ནང་ འོང་ཡི་ཟེར་ སླབ་ཨིན་པས།
ད་རུང་ མི་སེར་སོ་ནམ་པ་ ཟླ་བ་རིག་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་རང་དང་ ཨ་ལུ་ཚུ་ གཞན་གྱི་རྒྱལ་ཁབ་ནང་ ཉེན་སྲུང་དང་ལྡན་ཏོག་ཏོ་ཅིག་ མ་མཐོང་ཟེར་ཨིནམ་ད་ རང་གི་རྒྱལ་ཁབ་ནང་ ལོག་འོང་དགོ་མནོ་སྟེ་འབད་རུང་ ཕམ་ཚུ་གིས་ ཁ་བཀོད་མ་རྐྱབ་པ་ཅིན་ འབྲུག་རྒྱལ་ཁབ་འདི་ ག་ཏེ་ཨིན་ན་ར་ མི་ཤེས་པས་ཟེར་ཨིན་པས།
ད་ལྟོ་ ཤི་ལོང་པ་ཚུ་དང་ ནོར་བུ་སྒང་རྒེད་འོག་གི་འགོ་དཔོན་ ངང་ལམ་དྲུང་ཁག་གི་ འགོ་དཔོན་ཚུ་ མཉམ་རུབ་ཀྱི་ཐོག་ལས་ བོ་རང་མ་ གཞི་གསར་ལས་འགུལ་གྱི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
གཞུང་ས་ཨེ་ཀར་༢༠༠ འབད་མི་ ནགས་ཚལ་ཚུ་བསལ་ཞིནམ་ལས་ ཁྱིམ་གུང་པ་༦༨ འབད་མི་ སོ་ནམ་པ་ཚུ་ གཞིས་གསར་ཆགས་བཅུག་ནི་ཨིན་པས།
ལས་འགུལ་དེ་ པདྨ་དགའ་ཚལ་ ཁི་ན་སྡང་གཞིས་གསརཔ་ལས་འགུལ་བཟུམ་སྦེ་ མི་དབང་མཆོག་གི་ ལས་འགུལ་ཨིནམ་ད་ ཁི་ན་སྡང་གཞིས་གསར་ལས་འགུལ་ནང་ ཁྱིམ་གུང་པ་༤༥ ཡོདཔ་ད་ དེ་ནང་ སློབ་གྲྭ་དང་ གཞི་རྟེན་སྨན་ཁང་ འཐུང་ཆུ་ དེ་ལས་ གློག་མེ་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ ནགས་ཚལ་བསལ་ནིའི་ལཱ་ཚུ་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ ས་ཆ་བགོ་བཀྲམ་འབད་ནི་ཡང་ འགོ་མ་བཙུགསཔ་ཨིན་པས།
བོ་རང་མ་ གཞིས་གསར་ལས་འགུལ་གྱི་ ལས་འགུལ་དྲུང་ཆེན་ པདྨ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་ མཐར་ཕྱིནམ་སྦེ་ འབད་ཚུགས་ནིའི་དོན་ལུ་ སོ་ནམ་པ་ཚུ་གིས་ ལཱ་རྩ་འགེངས་ཏེ་ འབདཝ་མས་ཟེར་ཨིན་པས།
ཟླ་བ་རིག་འཛིན་གྱིས་འབད་བ་ཅིན་ ཤི་ལོང་ལས་ ལོག་འབྲུག་རྒྱལ་ཁབ་ནང་ ལྷོད་པའི་ཤུལ་ལུ་ བང་ཊར་ བདེ་བ་ཐང་གི་ འཁོར་ལམ་བཟོ་སྐྲུན་གྱི་ ལཱ་ཚུ་འབད་དེ་སྡོད་ཅི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ སྤྱི་ལོ་༡༩༨༤ ལུ་ ངང་ལམ་ གདུང་བསམ་རྩི་ས་ལས་འགུལ་ནང་ ལཱ་འབད་བར་སོང་ཡི་ཟེར་ཨིན་པས།
སྤྱི་ལོ་༡༩༩༠ ལུ་ གདུང་བསམ་རྩི་ས་ལས་འགུལ་ སྒོ་བསྡམས་པའི་ཤུལ་ལས་ ལ་ལུ་ཅིག་ སྒོམ་ཀྲུ་དང་ ས་གནས་གཞན་ཁར་  ལཱ་འབད་བར་སོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༥༨ ལང་མི་ ཟླ་བ་གིས་འབད་བ་ཅིན་ ཁོང་གི་ ཆ་རོགས་ལ་ལུ་ཅིག་ ད་ལྟོ་ཡང་ སྒོམ་ཀྲུ་ལུ་ ལཱ་འབད་དེ་ཡོད་ཟེར་ཨིནམ་ད་ ཁོང་གི་དོན་ལུ་ ས་ཆའི་སྐྱིད་སྡུག་གནང་ནི་དེ་གིས་ མི་དབང་མཆོག་ལུ་ བསམ་ཡུལ་ལས་འདས་པའི་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment