གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་འགལ་ཐོག་ལས་ སྣུམ་འཁོར་བཙོང་མི་དང་ ལོག་སྤྱོད་འབད་མི་ལུ་བཙོན་ཁྲིམས།

༤/༡༢/༢༠༡༢   ༉ ལྟ་བཤལ་གྱི་ལམ་སྟོན་པ་ཨིནམ་བཟོ་སྟེ་ སྣུམ་འཁོར་ཀི་ཡ་སོ་རེན་ཊོ་དང་ པ་ར་ཌོ་གླ་ཁར་ལེན་ཡོདཔ་མ་ཚད་ སེན་ཊ་ཕི་ཅིག་ རྒྱ་གར་གྱི་ས་གནས་ ན་ག་ལེནཌི་ལུ་ བཙོང་ཡོད་མི་ ཕོ་སྐྱེས་༢ ལུ་ མགུ་སྐོར་དང་ ཁྲིམས་འགལ་ཐོག་ལས་ སྣུམ་འཁོར་ཚུ་ ཚོང་སྒྱུར་འཐབ་པའི་ཉེས་བྱ་ བཙོན་ཁྲིམས་ལོ་ངོ་༡༤ དང་༡༦ གི་བར་ན་ བཀལ་ཡོདཔ་ཨིན་པས།


དེ་ཡང་ བཀྲ་ཤིས་གཡང་རྩེ་ ལི་ཆེན་གཡུས་ཚན་ལས་ སྐྱེས་ལོ་༢༣ ལང་མི་ ངག་དབང་རྡོ་རྗེ་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཅིག་ལས་ སྣུམ་འཁོར་སེན་ཏ་ཕི་ཅིག་ གླ་ཁར་ལེན་ཞིནམ་ལས་ ན་ག་ལེནཌི་ལུ་བཙོང་ཡོདཔ་ལས་ སེན་ཏ་ཕི་གི་གོང་ཚད་ དངུལ་ཀྲམ་༡,༣༢༡,༧༦༠ དང་ འདྲ་མཉམ་ཨིན་པའི་ བཙོན་ཁྲིམས་ལོ་༥ བཀལ་ནུག།
ད་རུང་ ཁོ་གིས་ ཁམས་ས་ལྟ་བཤལ་ལས་སྡེ་གི་ ནུ་གཅུང་ཨིནམ་བཟོ་སྟེ་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་གཞན་ཅིག་ལས་ སྣུམ་འཁོར་ཀི་ཡ་ གླ་ཁར་ལེན་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ དང་ བསམ་ལྗོངས་མཁར་ལུ་ འགྱོ་ནིའི་དོན་ལས་ སྣུམ་འཁོར་ཀི་ཡ་སོ་རེན་ཊོ་ ལོག་སྤྱོད་འབད་ཡོདཔ་མ་ཚད་ སྣུམ་འཁོར་གྱི་གླ་འཐུས་ དངུལ་ཀྲམ་༢༠༧,༥༠༠ སྤྲོད་མ་ཚུགསཔ་ལས་ བཙོན་ཁྲིམས་ཟླཝ་༦ བཀལ་ནུག།
དེ་བཟུམ་སྦེ་ ཁོ་གིས་ དུས་ཅི་ སྤྱི་ཟླ་དང་ པའི་ནང་ རྒྱ་གར་གྱི་ ལྟ་བཤལཔ་ལེན་པར་ཨིན་ཟེར་ མགུ་སྐོར་རྐྱབ་སྟེ་ པ་ར་ཌོ་ཅིག་ གླ་ཁར་ལེན་ཡོདཔ་ལས་ དེ་ལུ་ བཙོན་ཁྲིམས་ཟླཝ་༦ དང་ ཅ་ཆས་ཚུ་ ཁྲིམས་འགལ་གྱི་ཐོག་ལས་ སྤྱོད་ནི་དེ་གིས་ བཙོན་ཁྲིམས་ཟླ་༣ བཀལ་ནུག།
ངག་དབང་རྡོ་རྗེ་གིས་ སྣུམ་འཁོར་ཀི་ཡ་སོ་རེན་ཊོ་གི་ ཇོ་བདག་ལུ་ དངུལ་ཀྲམ་༡༠༣,༧༤༠ དང་ སེན་ཏ་ཕི་གི་ཇོ་བདག་ལུ་ དངུལ་ཀྲམ་༦༦༠,༨༨༠ སྤྲོད་དགོ་མི་ལས་ ཁོ་གིས་ སོ་རེན་ཊོ་གི་ ཇོ་བདག་ལུ་ དངུལ་ཀྲམ་༤༠,༠༠༠ དང་ སེན་ཏ་ཕི་གི་ ཇོ་བདག་ལུ་ དངུལ་ཀྲམ་༢༤༦,༠༠༠ སྤྲོད་ཡོདཔ་ལས་ ཏི་རུ་སྤྲོད་མ་ཚུགས་མིའི་ཉེས་འཐུས་ བཙོན་ཁྲིམས་ལོ་༧ དང་ ཟླཝ་༣ བཀལ་ཡོདཔ་ཨིན་པས།
ཁོ་གིས་ གླ་འཐུས་ཚུ་ སྤྲོད་ཚུགས་པ་ཅིན་ རིན་གོང་དང་འཁྲིལ་བའི་ བཙོན་ཁྲིམས་ལོ་༡ མར་ཕབ་འབད་ནི་ཨིན་པས།
མོང་སྒར་རྩ་མང་ལས་ སྐྱེས་ལོ་༢༦ ལང་མི་ སྐལ་བཟང་བསྟན་འཛིན་གྱིས་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཅིག་ལས་ སེན་ཏ་ཕི་གླ་ཁར་ལེན་ནི་དང་ ན་ག་ལེནཌི་ལུ་ བཙོང་རོགས་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ད་ ཁྲིམས་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོ་གི་བཙོན་ཁྲིམས་དེ་ སྣུམ་འཁོར་སེན་ཏ་ཕི་གི་ གོང་ཚད་དང་ འདྲ་མཉམ་ཨིན་ཟེར་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ བགྲེསཔ་གིས་ ཁམས་ས་ལྟ་བཤལ་ལས་སྡེའི་ དེད་གཡོགཔ་ཨིནམ་བཟོ་སྟེ་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་གཞན་ཅིག་ལས་ སྣུམ་འཁོར་ཀི་ཡ་སོ་རེན་ཏོ་ གླ་ཁར་ལེན་ནི་ལུ་ འབྲེལ་གཏོགས་འབད་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༦ དང་ ཁྲིམས་འགལ་གྱི་ཐོག་ལས་ ཀི་ཡ་སོ་རེན་ཏོ་ ལོག་སྤྱོད་འབད་ཡོད་པའི་ཉེས་བྱ་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོདཔ་ཨིན་པས།
སྣུམ་འཁོར་གླ་ཁར་ལེན་པའི་ གླ་འཐུས་དངུལ་ཀྲམ་༢༠༧,༥༠༠ ཡང་ མ་སྤྲོད་པར་ ཡོདཔ་ཨིན་པས།
སྐལ་བཟང་བསྟན་འཛིན་གྱིས་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཕུན་ཚོགས་གླིང་ལུ་ རྒྱ་གར་གྱི་ ལྟ་བཤལཔ་ལེན་པར་ཨིན་ཟེར་ མགུ་སྐྱོར་རྐྱབ་སྟེ་ སྣུམ་འཁོར་པ་ར་ཌོ་ གླ་ཁར་ལེན་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༦ དང་ ཁྲིམས་འགལ་ཐོག་ལུ་ ཅ་ཆས་ལོག་སྤྱོད་འབད་ནི་དེ་གིས་ བཙོན་ཁྲིམས་ཟླཝ་༣ བཀལ་ནུག།
ད་རུང་ སྐལ་བཟང་བསྟན་འཛིན་གྱིས་ སྣུམ་འཁོར་ཀི་ཡ་སོ་རེན་ཏོ་གི་ ཇོ་བདག་ལུ་ གླ་འཐུས་དངུལ་ཀྲམ་༡༠༣,༧༤༠ དང་ སེན་ཏ་ཕི་གི་ ཇོ་བདག་ལུ་ དངུལ་ཀྲམ་༦༦༠,༨༨༠ སྤྲོད་ནི་ཡོདཔ་ལས་ རིན་གོང་དང་འཁྲིལ་བའི་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ ཁོ་གིས་ ཏི་རུ་སྤྲོད་ཚུགས་པ་ཅིན་ རིན་གོང་དང་འཁྲིལ་བའི་བཙོན་ཁྲིམས་ ལོ་༣ མར་ཕབ་འབད་ནི་ཨིན་པའི་གནས་ཚུལ།


 
ནོར་འཛིན་ལྷ་མོ།

No comments:

Post a Comment