གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རིག་ཡོངས་འབྲེལ་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་མི་དེ་ དངུལ་ཁང་ལུ་ འཛོལ་བ་སྦོམ་ཡོད་པའི་གསལ་བཀོད།

༤/༡༢/༢༠༡༢   རྩོད་དོན་དེ་གི་ སྙན་གསན་དང་པའི་ནང་ ཆེ་མཐོ་ཁྲིམས་འདུན་ལས་ རྩོད་དཔོན་ཡོངས་ཁྱབ་ལུ་ འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ འཛོལ་བ་ཡོད་མེད་ཀྱི་ ཞིབ་དཔྱད་སྙན་ཞུ་ ཕུལ་དགོ་པའི་བཀའ་རྒྱ་ལྟར་ ཕུལ་ཡོད་མིའི་ནང་ དངུལ་ཁང་ལུ་ འཛོལ་བ་སྦོམ་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
༉ འབྲུག་ལུ་ ཡོངས་འབྲེལ་ཐོག་ དངུལ་ཁང་ནང་ལས་ ཏི་རུ་བྱང་སྟོར་ཤོར་བའི་ རྩོད་དོན་འགོ་དང་པ་ཨིན་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ལྷོད་དེ་ ཁ་ཙ་ སྙན་གསན་ཐེངས་༢ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ འདས་པའི་སྙན་གསན་སྐབས་ མཐོ་གཏུགས་པ་༢ ཀྱིས་ བཤེར་ལན་ཕུལ་མི་དང་འབྲེལ་ འབྲུག་གི་དངུལ་ཁང་གི་ཁ་ཐུག་ལས་ འཐུས་ཤོར་ཡོད་མེད་ཀྱི་ སྙན་ཞུ་ཡང་ཕུལ་ནུག།


དེ་ཡང་ འདས་པའི་སྙན་གསན་དང་པའི་ནང་ ཆེ་མཐོ་ཁྲིམས་ཀྱི་ ཁྲིམས་ཁྲི་དང་པའི་དྲང་དཔོན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ལུ་ འབྲུག་གི་དངུལ་ཁང་གི་ཁ་ཐུག་ལས་ འཐུས་ཤོར་ཡོད་མེད་ཀྱི་ ཞིབ་དཔྱད་སྙན་ཞུ་ ཁྲིམས་འདུན་ལུ་ཕུལ་དགོཔ་སྦེ་བཀའ་རྒྱ་གནང་མི་དང་བསྟུན་ ཁ་ཙ་ ངོ་ཚབ་ཀྱིས་ བཤེར་ལན་དང་གཅིག་ཁར་ སྙན་ཞུ་ཕུལ་མིའི་ནང་ འབྲུག་གི་དངུལ་ཁང་ལུ་ཡང་ འཛོལ་བ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་སྦེ་བཀོད་ནུག།
བཤེར་ལན་ནང་བཀོད་མི་ སྙན་ཞུ་དང་འཁྲིལཝ་ད་ སངས་རྒྱས་བསྟན་འཛིན་གྱིས་ ཁོ་རའི་ ལྷ་འཛིན་དཔེ་སྐྲུན་ཁང་དེ་ ན་ཧིང་སྤྱི་ཟླ་༦ པའི་ཚེས་༦ ལུ་ བསྟན་འཛིན་དབང་འདུས་ལུ་ བཙོང་ཚར་བའི་ཤུལ་ལུ་ ཟླཝ་དེ་གི་ཚེས་༢༠ ལུ་ ཁོ་ར་གིས་ འབྲུག་གི་དངུལ་ཁང་ཚད་འཛིན་ལུ་ དཔེ་སྐྲུན་ཁང་དེ་གི་ རྩིས་ཁྲའི་ཁེ་དབང་ཚུ་བཏོན་ཏེ་ བསྟན་འཛིན་དབང་འདུས་ཀྱི་ ལག་ལེན་དབང་ཆའི་འོག་ལུ་ བཙུགས་གནང་ཟེར་བའི་ ཞུ་ཡིག་བཙུགས་ཚར་ཞིནམ་ལས་ ཁེ་དབང་ཚུ་བསྟན་འཛིན་དབང་འདུས་ཀྱི་ མིང་ཐོག་ཁར་ སྤོ་སོར་འབད་ནིའི་འགན་འཁྲི་དེ་ འབྲུག་གི་དངུལ་ཁང་ལུ་ ངེས་བདེན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ རྩིས་ཁྲ་དེ་གི་ཐོག་ལུ་ ཁེ་དབང་ག་ཅི་ར་ཡོདཔ་ཨིན་ན་ བསྟར་སྤྱོད་མ་འབད་མི་ལུ་བརྟེན་ དེ་བཟུམ་མའི་ཉེས་ལས་བྱུང་མི་དེ་ འབྲུག་དངུལ་ཁང་ལུ་ འཛོལ་བ་སྦོམ་སྦེ་ར་ མཐོངམ་མས་ཟེར་ བཤེར་ལན་གྱི་ ཟུར་སྦྲགས་སྙན་ཞུའི་ནང་བཀོད་ནུག།
ཨིན་རུང་ བསྟན་འཛིན་དབང་འདུས་ཀྱིས་ མཐོ་གཏུགས་ཀྱི་བཤེར་ཡིག་ལུ་ ལན་གསལ་ག་ནི་ཡང་མེད་པར་ མ་གཞི་ མཐོ་གཏུགས་འབད་དགོཔ་ཅིག་མ་མཐོང་རུང་ མཐོ་གཏུགས་འབད་ཡོདཔ་ལས་ ཁྲིམས་འདུན་ལས་ ཞིབ་དཔྱད་མཛད་གནང་བ་ལུ་ རྩོད་དཔོན་ཡོངས་ཁྱབ་ལས་ ཞུ་ནི་མེད་ཟེར་བཀོད་ནུག།
བསྟན་འཛིན་དབང་འདུས་ཀྱིས་འབད་བ་ཅིན་ རྫོང་ཁག་ཁྲིམས་འདུན་ལས་ ཁོ་ལུ་ ཏི་རུ་སླར་ལོག་ ཉེས་དོགས་ཅན་སངས་རྒྱས་བསྟན་འཛིན་གྱིས་ སྤྲོད་དགོཔ་སྦེ་ཡོད་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ དངུལ་ཀྲམ་ས་ཡ་༢.༢༣ ལྷགཔ་ཅིག་ དངུལ་བཏོན་བཙུགས་ཀྱི་ ཡོངས་འབྲེལ་ཞབས་ཏོག་ཐོག་ལས་ བྱང་སྟོར་ཤོར་ཡོད་མི་དེ་ འབྲུག་དངུལ་ཁང་ཚད་འཛིན་ཨིནམ་ལས་ བྱང་སྟོར་ཤོར་མི་ཏི་རུ་དེ་ ཁོ་ལུ་ འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ སྤྲོད་དགོཔ་ཅིག་དང་ དངུལ་ཁང་གིས་ ཏི་རུ་དེ་ ཉེས་དོགས་ཅན་ལས་ སླར་ལོག་ལེན་ཐབས་ཅིག་ མཛད་གནང་དགོ་པའི་གནད་དོན་ཐོག་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དེ་དང་འབྲེལ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་དོགས་ཅན་ སངས་རྒྱས་བསྟན་འཛིན་གྱི་ མཐོ་གཏུགས་བཤེར་ཡིག་ལུ་ བཤེར་ལན་ཕུལ་མིའི་ནང་ སངས་རྒྱས་བསྟན་འཛིན་གྱིས་ ལྷ་འཛིན་དཔེ་སྐྲུན་ཁང་གི་མིང་ཐོག་ཁར་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ ཐེབས་སྤྲོད་མ་དངུལ་ ཨོ་བར་ཌཕཊི་ཡོད་མི་དེ་ ཁོ་གི་མིང་ཐོག་ཁར་ སྐྱིན་འགྲུལ་ལུ་བསྒྱུར་བཅོས་ཐོག་ ཁོ་གི་སྣུམ་འཁོར་ པ་ར་ཌོ་དེ་ གཏའ་མར་བཙུགས་ཡོད་པའི་ གནད་དོན་དེ་ཡང་ སྐབས་སུ་འབབ་པའི་ རྩོད་གཞི་དང་འབྲེལ་བ་ཡོདཔ་སྦེ་ བཀོད་ཡོད་མི་དེ་ འབྲེལ་བ་མེད་ཟེར་ཨིན་པས།
དེ་ཡང་ གནད་དོན་དེ་ནང་ ངོམ་༢ ཀྱི་བར་ན་ དངུལ་སྤྲོད་ལེན་གྱི་ རྩོད་གཞི་ཡོད་དེ་འབད་བ་ཅིན་ ཞི་བའི་རྩོད་དོན་ཅིག་ཨིནམ་ལས་ ཞི་བའི་ཐོག་ལས་ རྩོད་དོན་ལོགས་སུ་འབད་ནི་མ་གཏོགས་ སྐབས་སུ་འབབ་པའི་རྩོད་གཞི་དེ་ མ་བྱིན་ལེན་པའི་ ཉེས་རྩོད་ཨིནམ་ལས་ འབྲེལ་བ་མེད་ཟེར་བཀོད་ནུག།
དེ་མ་ཚད་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ ཉམས་རྒུད་པ་ བསྟན་འཛིན་དབང་འདུས་ལུ་ སེམས་ཚོར་དྲག་པོའི་ཚ་གྱང་ མྱོང་བཅུག་ཡོད་པའི་རྒུད་འཐུས་ དངུལ་ཀྲམ་༢༡,༠༠༠ སྤྲོད་དགོཔ་སྦེ་ ཡོད་མི་དེ་ཡང་ སྒྲུབ་བྱེད་མེདཔ་ལས་ འོས་འབབ་མེད་པའི་བཤེར་ཡིག་ཕུལ་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ ཉམས་རྒུདཔ་གིས་ པར་སྐྲུན་འཕྲུལ་ཆས་མཁོ་སྒྲུབ་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣.༩༦ ལྷགཔ་ཅིག་ བསྐྱིན་འགྲུལ་ལེན་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༢.༢༣ ལྷགཔ་ཅིག་ ཉེས་དོགས་ཅན་གྱིས་ བཏོན་འབག་སོང་ཞིནམ་ལས་ མནོ་དོན་གྲུབ་མ་ཚུགས་པར་ ཚ་གྱང་ལང་བའི་གཞི་ལུ་ འགྱུར་ཡོདཔ་ལས་ ཐོག་མའི་ཁྲིམས་འདུན་ལས་ རྒུད་འཐུས་གནང་མི་དེ་ འོས་འབབ་ཡོད་ཟེར་བཀོད་ནུག།
རྩོད་གཞི་དེ་གི་ སྙན་གསན་མཇུག་ར་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ཨིནམ་ད་ དེ་ནང་ག་ར་གིས་ རང་སོའི་ བཤེར་ཡིག་བཅུད་བསྡུ་སྟེ་ ཞུ་དགོཔ་ཡོད་མི་ཚུ་ ཞུ་ནི་གི་ གོ་སྐབས་འཐོབ་ནི་དང་ འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ ཁོང་རའི་ ཁ་ཐུག་ལས་ ཞུ་དགོཔ་ཡོད་རུང་ དེ་བསྒང་ ཞུ་ནི་གི་གོ་སྐབས་ གནང་ནི་ཨིན་པའི་གནས་ཚུལ།



བསམ་གཏན་ཡེ་ཤེས།

No comments:

Post a Comment