གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལམ་སྲོལ་དང་འབྲེལ་བའི་ པར་རིགས་འགྲེམས་སྟོན།

༡༩/༡༢/༢༠༡༢   ༉ སྐྱེས་ལོ་༧༢ ལང་མི་ ཨང་རྒས་ པདྨ་བཟང་མོ་གི་སེམས་ཁར་ དུས་ཅི་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ལུ་ ཨ་རྟག་དང་མ་འདྲ་བའི་ ཚོར་སྣང་བྱུང་ཚུགས་མི་དེ་ཡང་ མཐའ་ཟུར་གྱི་གཡུས་ཚན་ སྐྱེངས་མཁར་བཟུམ་ཅིག་ནང་ དུས་ཅི་ མཐའ་ཟུར་རྫོང་ཁག་ཚུ་གི་ མི་སེར་ཚུ་གིས་ རང་ལུགས་ཀྱི་ སྤྲོ་སྟོན་གྱི་ལས་རིམ་ཚུ་ སྐྱེངས་མཁར་འབྲིང་རིམ་སློབ་ནང་ འགོ་འདྲེན་འཐབ་ནི་དེ་གིས་ཨིན་པས།
སྐྱེངས་མཁར་གྱི་སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ཞབས་ཁྲ་རྐྱབ་པའི་བསྒང་།


དུས་ཅི་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་གི་ཉིནམ་དང་འབྲེལ་ མོང་སྒར་སྐྱེངས་མཁར་རྒེད་འོག་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་ནང་སྦེ་ ཧེལ་བི་ཏཱསི་དང་ ཏཱ་ར་ཡ་ན་ དེ་ལས་ ཡུ་རོ་པེན་ ཡུ་ནིཡཱན་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རང་ལུགས་ཀྱི་ དུས་སྟོན་ཅིག་བརྩི་སྲུང་འབད་ཡོདཔ་ད་ ཉིནམ་དེ་ཁར་ སློབ་ཕྲུག་ཚུ་གིས་ ཞིབ་འཚོལ་ཐོག་ལས་ རང་ལུགས་ཀྱི་ལམ་སྲོལ་དང་འབྲེལ་བའི་ པར་རིགས་བཏབ་ཡོད་མི་ཚུ་ མི་མང་ལུ་ འགྲེམ་སྟོན་འབད་ཡོདཔ་ཨིན་པས།
དེ་བཟུམ་གྱི་ རང་ལུགས་ཀྱི་ལམ་སྲོལ་བརྗེ་སོར་སྐབས་ལུ་ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་ ལོ་ཏོ་ཀུ་ཅུ་འཇིགས་མེད་གཡུས་ཚན་དང་ རཱའེ་མི་སྡེ་ དེ་ལས་ གཞལམ་སྒང་རྫོང་ཁག་ ངང་ལ་ཀྲོང་གཡུས་ཚན་གྱི་ མི་སེར་ཚུ་རྩིས་ཏེ་ བཅའ་མར་གཏོགས་མི་༣༢ དེ་ཅིག་གིས་ མི་མང་ལུ་ རང་ལུགས་ཀྱི་ལས་རིམ་ཚུ་ གསལ་སྟོན་འབད་ཡི།
ལས་རིམ་འགོ་འདྲེན་འཐབ་མི་ ཧེལ་བི་ཏཱསི་ལས་ ལས་རིམ་འཛིན་སྐྱོང་པ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ཡོད་པའི་ རང་ལུགས་ཀྱི་ ལམ་སྲོལ་བཟང་པོ་ཚུ་ རྒྱུན་སྐྱོང་གནས་ཐབས་དང་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ གོ་བརྡའི་ལས་རིམ་བཟུམ་ཅིག་ཨིནམ་ལས་ ཉམས་ཉེན་ཡོད་པའི་ལམ་སྲོལ་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་སྤེལ་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ རང་ལུགས་ཀྱི་སྲོལ་བཟང་ཚུ་ ཕམ་དང་རྒན་ཤོས་ཚུ་དང་འབྲེལ་བ་འཐབ་སྟེ་ མཐའ་ཟུར་གྱི་གཡུས་སྒོ་ཚུ་ནང་ཡོད་པའི་ ལུགས་སྲོལ་ཚུ་ པར་ཆས་ཐོག་ལས་ པར་བཏབ་ཡོད་མི་ཚུ་མི་མང་ལུ་ འགྲེམ་སྟོན་འབད་ནི་ལུ་ ཞིབ་འཚོལ་ཡང་འབད་དགོཔ་ཡོདཔ་ལས་ སློབ་ཕྲུག་ན་གཞོན་ཚུ་གིས་རྒྱུད་ལུ་ ཁོང་རའི་ཕམ་རྒན་རྒས་ཚུ་གིས་ སྲོལ་བཟང་ཡོན་ཏན་ཚུ་ རྒྱུན་ཆད་མེད་པར་ འཐོབ་ཚུགས་པའི་རེ་བ་བསྐྱེད་དེ་ ན་གཞོན་ཚུ་གིས་ པར་བཏབ་ཡོད་པའི་ པར་རིགས་སྣ་ཚོགས་ཚུ་ འགྲེམ་སྟོན་འབདཝ་ཨིན་ཟེར་ཨིན་པས།
སློབ་རིམ་༨ པའི་ སློབ་ཕྲུག་འཇིགས་མེད་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གིས་ ད་ལྟོ་ཚུན་ཚོད་ ཁོ་རའི་གཡུས་ཁ་ལུ་ ལམ་སྲོལ་མ་འདྲཝ་ཡོདཔ་ཨིནམ་ཤེས་རུང་ མི་ཉམས་རྒྱུན་སྐྱོང་གི་ ཐབས་ཤེས་ཅིག་ ད་རིས་བཟུམ་གྱི་ ལས་རིམ་མ་ཤེས་ཟེར་ཨིནམ་ད་ ད་ལས་ཕར་ ཁོ་གིས་ ག་དེ་དྲག་དྲག་ པར་བཏབ་ཚུགསཔ་འབད་དེ་ ཁོང་རའི་ ལམ་སྲོལ་ཚུ་ཉམས་མི་བཅུག་ནིའི་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་ ལོ་ཏོ་ཀུ་ཅི་འཇིགས་མེད་གཡུས་ཚན་ལས་ རང་ལུགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་པར་འོང་མི་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ དུས་ཅི་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དེ་ སྐྱེངས་མཁར་གཡུས་ཚན་ནང་ ཁོང་གིས་ལམ་སྲོལ་བཟང་པོ་དེ་ མི་མང་ལུ་གསལ་སྟོན་འབད་ཚུགས་ནི་དེ་གིས་ སེམས་ལུ་ སྤྲོ་བ་ཐེབས་ཅིག་ར་ བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་ནང་ བཅའ་མར་གཏོགས་ཚུགས་པའི་རེ་བ་བསྐྱེད་མི་དེ་ཡང་ ཁོ་རའི་སེམས་ཁར་ལུ་ རང་ལུགས་ཀྱི་ལམ་སྲོལ་བཟང་པོ་ཚུ་ ལུང་པ་སོ་སོ་གིས་་ཕྱུག་པའི་ངོ་རྟགས་ཅིག་ཨིནམ་ཤེས་ཡོདཔ་ལས་ ལས་རིམ་ནང་ བཅའ་མར་གཏོགས་མི་དེ་གིས་ ལུགས་སྲོལ་སྣ་ཚོགས་ཚུ་ བརྗེ་སོར་འབད་ཚུགས་མི་ལུ་བརྟེན་ དུས་ཅི་ རྒྱལ་ཡོངས་ཀྱི་ཉིནམ་དེ་ མི་ཁོ་བཟུམ་ཅིག་ལུ་ སེམས་ལས་ནམ་ཡང་ ཡལ་མ་ཚུགས་པའི་ཚོར་སྣང་ཅིག་སྦེ་ སྡོད་འོང་ཟེར་ཨིན་པས།
རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུ་མི་དང་འབྲེལ་ རང་ལུགས་ཀྱི་ ལམ་སྲོལ་བཟང་པོ་བརྩི་སྲུང་གི་ཉིནམ་ཡང་ཨིནམ་ད་ ཉིནམ་དེ་ཁར་ སྐུ་མགྲོན་གཙོ་བོ་སྦེ་ མོང་སྒར་ཁྲིམས་འདུན་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ མི་སེར་ཚུ་ལུ་ རྒྱལ་ཡོངས་ཀྱི་ཉིནམ་གལ་གནད་ཆེ་བའི་སྐོར་ བཤད་བྱིན་ཡོད་པའི་གནས་ཚུལ།



མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment