གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕཱོསི་ཊར་བི་ཡར་ཤོག་སྒྲོམ་༢༠༠ འཕྱོག་བཟུང་འབད་ཡོདཔ།

༥/༡༢/༢༠༡༢   ༉ འབྲུག་ལུ་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ཐོན་པའི་ཤུལ་ལས་ གཞུང་གིས་ གནས་སྐབས་ཅིག་གི་དོན་ལུ་ རྒྱ་གར་གྱི་ ཆང་བི་ཡར་གྱི་རིགས་ཚུ་ ནང་འདྲེན་འབད་ནི་ལས་ བཀག་འཛིན་འབད་ཡོདཔ་ཨིན་རུང་ ཁྲོམ་ལ་ལུ་ཅིག་ནང་ ནག་ཚོང་འཐབ་བཞིན་དུ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ འཕྱོག་བཟུང་འབད་མི་ ལྕགས་ཊིན་ནང་གི་ ཕཱོསི་ཊར་བི་ཡར་ཚུ།


ཆང་ནག་ཚོང་འཐབ་པའི་ མངོན་གསལ་བྱུང་མི་དེ་ཡང་ ད་ཚུན་གྱི་རིང་ ཆང་ཁང་དང་ ཚོང་ཁང་ལ་ལུ་ཅིག་ནང་ ཚོང་མགྲོན་པ་ཚུ་གིས་ རྒྱ་གར་གྱི་ཆང་ བི་ཡར་གྱི་རིགས་ཚུ་ ནམ་དགོ་རུང་ ཐོབ་ཆོག་ཆོ་སྦེ་ཡོད་ནི་དེ་གིས་ཨིན་པས།
ནག་ཚོང་ཐོག་ལས་ བི་ཡར་ནང་འདྲེན་འབད་མི་ཅིག་ དགེ་ལེགས་ཕུག་ཅ་དམ་འགོ་དཔོན་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༣༠ གི་ཕྱི་རུ་ དགེ་ལེགས་ཕུག་གི་ ས་མཚམས་སྒོ་ར་ནང་ལས་ འཛིན་བཟུང་འབད་བའི་ཤུལ་ལུ་ ལྕགས་ཊིན་ནང་གི་ ཕཱོསི་ཊར་བི་ཡར་ཤོག་སྒྲོམ་༢༠༠ དང་ ཝ་ཡེན་ཤོག་སྒྲོམ་༡ འཕྱོག་བཟུང་འབད་ཡོདཔ་མ་ཚད་ བདེན་རྟགས་ཚུ་ཡང་ གསལ་སྟོན་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ འཕྱོག་བཟུང་འབད་མི་ ཕཱོསི་ཊར་བི་ཡར་རེ་ལུ་ ཨེམ་ཨར་པི་གཞི་རྟེན་གོང་ཚད་ དངུལ་ཀྲམ་༧༠ རེ་རྩིསཝ་ད་ གོང་ཚད་བསྡོམས་༣༧༠,༤༠༠ གནས་མི་ ཕཱོསི་ཊར་བི་ཡར་གྱི་ ཤོག་སྒྲོམ་ཚུ་ སྣུམ་འཁོར་ཌི་སི་ཨེམ་ནང་བཙུགས་ཏེ་ ཚོང་ཆས་གཞན་དང་གཅིག་ཁར་ སླ་བསྲེས་ཏེ་འབག་འོང་པའི་སྐབས་ འདས་པའི་བདུན་ཕྲག་གི་ རེས་གཟའ་སྤེན་པའི་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ ཆང་གི་རིགས་ཚུ་ རུ་པིའི་དཀའ་ངལ་ཐོན་པའི་ཤུལ་ལས་ གནས་སྐབས་ཀྱི་དོན་ལུ་ བཀག་དམ་འབད་ཡོད་རུང་ འབྲུག་གི་ཁྲོམ་ཚུ་ནང་ བཙོང་སར་མཐོང་པའི་ཤུལ་ལས་ ནག་ཚོང་འཐབ་དོ་ཡོད་པའི་ དོགས་པ་ཆགས་ཡི་ཟེར་ཨིན་པས།
ནག་ཚོང་འཐབ་མི་དེ་ཡང་ རྩི་རང་ཁྲོམ་ཁར་ ཡུ་ཌི་བི་ཡར་ངོ་ཚབ་དེ་ཨིནམ་ད་ ཁོ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༩ གི་ཕྱི་རུ་ ཕུན་ཚོགས་གླིང་ལུ་ བཀྲ་ཤིས་ཚོང་ལས་ནང་ལས་ འབྲུག་ལས་ཐོན་སྐྱེད་འབད་མི་ ཆང་བི་ཡར་ འབྲུག་༡༡,༠༠༠ འབད་མི་ ཤོག་སྒྲོམ་༣༠༠ ཉོ་ཞིནམ་ལས་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་བརྒྱུད་དེ་ ཅ་དམ་ཁང་ནང་ལས་ སྐྱེལ་འདྲེན་ཆོག་ཐམ་བཏོགས་ཏེ་ འབྲུག་༡༡,༠༠༠ འབད་མི་ བི་ཡར་ཤོག་སྒྲོམ་༢༠༠ ཕུན་ཚོགས་གླིང་ལུ་ དེ་ཚེ་ཕྱི་རུ་ བཏོན་བཞག་ཡོདཔ་ཨིན་པས།
དེ་གི་ནངས་པ་ སྣུམ་འཁོར་ལམ་བཏངམ་ཅིག་ བཏོན་བཞག་མི་ འབྲུག་༡༡,༠༠༠ གི་ཚབ་མ་ ཕཱོསི་ཊར་བི་ཡར་ ཤོག་སྒྲོམ་༢༠༠ བཙུགས་འབག་འོང་ནུག་ཟེར་ ཅ་དམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་མདོ་ཆེན་གྱིས་འབད་བ་ཅིན་ ནག་ཚོང་འཐབ་པའི་སྐོར་ལས་ གསང་བའི་སྙན་ཞུ་ལྷོད་པའི་ཤུལ་ལུ་ བསྒུགས་སྡོད་ཅི་ཟེར་ཨིནམ་ད་ བི་ཡར་ཚོང་འབྲེལ་ངོ་ཚབ་ཀྱི་ཨིན་མི་ སྣུམ་འཁོར་ཌི་སི་ཨེམ་དེ་ ས་གོ་ནང་ལྷོདཔ་ཅིག་ ཞིབ་དཔྱད་འབད་བའི་སྐབས་ བདའ་ཟུན་ཡི་ཟེར་ཨིན་པས།
དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ ཌི་སི་ཨེམ་གྱི་དེད་གཡོགཔ་དེ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོ་གིས་ ཤེས་ར་མ་ཤེས་ཟེར་སླབ་སྟེ་ ཁ་བཟེད་མ་བཏུབ་མི་ལུ་བརྟེན་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ཡང་ འཕྱོག་བཟུང་འབད་ཡོདཔ་ད་ ཆོག་ཐམ་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ སྤྲོད་ནི་ཨིན་ཟེར་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕྱོག་བཟུང་འབད་མི་ཅ་ཆས་ཚུ་ གནས་སྐབས་ཅིག་གི་དོན་ལུ་ བཀག་ཆ་འབད་མི་ ཅ་ཆས་ཀྱི་རིགས་འབད་ནི་དེ་གིས་ རིན་བསྡུར་ཐོག་ལས་བཙོང་ནི་དང་ མེདཔ་གཏང་ནི་ཨིན་ན་ ད་ལྟོ་ ཡིག་ཚང་གོང་མ་ལས་ བཀོད་བྱ་ལུ་སྒུག་སྟེ་ཡོད་ཟེར་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཞིབ་དཔྱད་སྒོ་ར་བརྒྱུད་དེ་འོང་མི་ སྣུམ་འཁོར་ཚུ་ བདུན་ཕྲག་རེ་ནང་ ཧང་སྟོང་མར་ སྣུམ་འཁོར་༥ དང་༦ གི་བར་ན་ ཞིབ་དཔྱད་འབད་དོ་ཡོདཔ་མ་ཚད་ དོགས་པ་ཡོད་མི་སྣུམ་འཁོར་ཚུ་ འཕྲལ་འཕྲལ་སྦེ་ར་ ཞིབ་དཔྱད་འབད་དོ་ཡོད་རུང་ རེ་རེ་བཞིན་དུ་ ཞིབ་དཔྱད་འབད་ནི་དེ་ དོས་སྐྱེལ་སྣུམ་འཁོར་ཚུ་ སྟབས་གཅིག་ཁར་༦༠ དང་༧༠ འི་བར་ན་ འོང་དོ་ཡོད་མི་ལུ་བརྟེན་ བདའ་ཟུན་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་ཅིག་ ཞིབ་དཔྱད་འབད་དགོ་པ་ཅིན་ ཅ་དོས་ཚུ་ ཕྱི་ཁར་བཏོན་ནི་དང་ ལོག་ནང་ན་བཙུགས་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༣ དེ་རེ་ འགོརཝ་མས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ གསང་བའི་སྙན་ཞུ་འབད་མི་ཚུ་བཙུགས་ཏེ་ཡོད་པའི་ཁར་ ད་རུང་ འཕྲོ་མཐུད་དེ་ར་ གླ་འཐུས་བྱིན་ཐོག་ལས་ ལྟ་རྟོག་འབད་མི་ ཐེབས་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ དབང་ཕྱུག་བཐའ་ཡས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།


 
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment