གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་བཱསི་ཀེཌ་བཱོལ་གྱི་ སྡེ་ཚན་བཟོ་ཡོདཔ།

༥/༡༢/༢༠༡༢   ༉ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེ་དང་ཅིག་ཁར་ རྒྱལ་ཁབ་ནང་ལས་ ད་ཚུན་  ཐོ་བཀོད་འབད་མི་ཨམ་སྲུ་སྡེ་ཚན་གཅིག་དང་ ཕོ་སྐྱེས་སྡེ་ཚན་༥ གིས་འབད་ཡོད་མི་ལུ་བརྟེན་ ལས་རིམ་འགོ་འདྲེན་འཐབ་མི་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེའི་འགོ་དཔོན་ཚུ་ སེམས་དགའ་ཡོདཔ་ཨིན་པས།


དེ་ཡང་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེའི་ འཆར་གཞི་དང་ དམིགས་ཡུལ་གཙོ་བོ་དེ་ རྒྱལ་ཁབ་ནང་ བཱསི་ཀེཌ་བཱོལ་གྱི་ རྩེདམོ་གོང་འཕེལ་གཏང་ནི་དེ་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ རྒྱལ་ཁབ་ནང་ ཐོ་བཀོད་འབད་མི་སྡེ་ཚན་ཚུ་གི་བར་ན་ འགྲན་བསྡུར་འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་བཱསི་ཀེཌ་བཱོལ་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་སློབ་སྟོན་པ་ བསྟན་འཛིན་རྒྱ་མཚོ་གིས་ འབད་བ་ཅིན་ ང་བཅས་ཀྱི་དམིགས་གཏད་ལུ་འབད་བ་ཅིན་ ཐོ་བཀོད་འབད་མི་ཕོ་སྐྱེས་སྡེ་ཚན་ལས་ སྡེ་ཚན་༤ དེ་ཅིག་འཐོན་ནིའི་རེ་བ་བསྐྱེད་རུང་ ད་ལྟོ་ལས་ར་ ཐོ་བཀོད་འབད་མི་ ཕོ་སྐྱེས་སྡེ་ཚན་༥ ཐོན་མི་དེ་ བརྡ་མཚོན་ལེགས་ཤོམ་ཅིག་ ཨིན་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ བཱསི་ཀེཌ་བཱོལ་རྩེད་འགྲན་འབད་མི་དེ་ མང་ཤོས་ར་ ན་གཞོན་སློབ་ཕྲུག་བུཚ་དང་ བུམོ་ཚུ་ཨིནམ་ལས་ སྡེ་ཚན་བཟོ་ནི་ལུ་ དོ་འགྲན་འབྱུང་འོང་མནོ་ཡི་ཟེར་ཨིན་པས།
རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ་ བཱསི་ཀེཌ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་པའི་སྐབས་ བསྡོམས་ཀྱིས་ སྡེ་ཚན་༡༠ ལས་༡༥ འི་བར་ན་ བཅའ་མར་གཏོགས་མི་ཡོད་རུང་ དེ་ལུ་ ཐོ་བཀོད་འབད་ནིའི་འཐུས་དང་ སྒྲིག་གོའི་མཐུན་རྐྱེན་ཚུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
བཱསི་ཀེཌ་བཱོལ་སྡེ་ཚན་བཟོ་ནིའི་དོན་ལུ་ ད་ལྟོ་ འབྲུག་བཱསི་ཀེཌ་ཚོགས་སྡེ་གིས་ རྩེད་འགྲན་འབད་མི་༡༢ ཡོད་མི་ལས་ ཐོ་བཀོད་འབད་བའི་འཐུས་དངུལ་ཀྲམ་༢༠༠༠ དང་ ད་རུང་ རྩེདམོ་རྩེ་མི་ཐེབས་ཚུ་ལུ་ དངུལ་ཀྲམ་༢༠༠ རེ་སྦེ་ བསྡུ་ལེན་འབད་དོ་ཡོདཔ་བཞིན་དུ་ སྡེ་ཚན་དེ་ ཡུན་བརྟན་གནས་ཚུགས་ནིའི་དོན་ལུ་ འགོ་འདྲེན་འཐབ་མི་སྒྲིང་སྒྲིང་དང་ འཛིན་སྐྱོང་འགོ་དཔོན་ སློབ་སྟོན་པ་ དྲང་དཔོན་ དེ་ལས་ སྡེ་ཚན་གྱི་སྲིད་འཛིན་ཚུ་ དགོཔ་ཡོད་ཟེར་ སླབ་ཨིན་པས།
རྒྱལ་ཁབ་ནང་ བཱསི་ཀེཌ་བཱོལ་རྩེད་འགྲན་འབད་མི་ཚུ་ ཕུཊ་བཱོལ་གྱི་རྩེད་འགྲན་བཟུམ་སྦེ་ ཡོངས་གྲགས་འགྱོ་མ་ཚུགས་ཏེ་འབད་རུང་ བཱསི་ཀེཌ་བཱོལ་རྩེད་འགྲན་འབད་ཤེས་མི་དང་ སྤྲོ་བ་བསྐྱེད་མི་ ན་གཞོན་ལངམ་སྦེ་ཡོདཔ་ལས་ དར་ཁྱབ་གཏང་ནི་ལུ་ དཀའ་ངལ་ག་ནི་ཡང་མི་འཐོན་ནི་མས་ཟེར་ རྒྱལ་ཡོངས་སློབ་སྟོན་པ་ བསྟན་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ལོ་ཧེ་མམ་ཚུ་དང་ཕྱདཔ་ད་ རྩེད་འགྲན་ནང་འབྲེལ་གཏོགས་འབད་མི་དང་ རིག་རྩལ་ཚུ་ ལེ་ཤ་གིས་ ཡར་རྒྱས་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ སྤྲོ་བ་དང་ དང་འདོད་བསྐྱེད་མི་ ན་གཞོན་དང་ ཕོ་སྐྱེས་ཚུ་ལུ་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེ་གིས་ སྦྱོང་བརྡར་གྱི་ སློབ་སྟོན་འབད་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ལས་ཕར་ འགྲན་བསྡུར་རེ་ཡང་འགོ་འདྲེན་འཐབ་ཡོདཔ་མ་ཚད་ ཕྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ཡང་ རྩེད་འགྲན་འབད་ཡོདཔ་ཨིན་པས།
འབྲུག་བཱསི་ཀེཌ་ཚོགས་སྡེ་གིས་ ཐོ་བཀོད་འབད་མི་ སྡེ་ཚན་ཚུ་ལུ་ བཱསི་ཀེཌ་བཱོལ་རྩེད་འགྲན་འབད་ནིའི་སྦྱོང་བརྡར་དང་ སློབ་སྟོན་ དེ་ལས་ རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ མཐུན་རྐྱེན་དང་ རྒྱབ་སྐྱོར་ཚུ་བྱིན་ནི་ཨིནམ་མ་ཚད་ ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ བཱསི་ཀེཌ་བཱོལ་རྩེད་ཐང་ཚུ་ རིན་མེད་སྟོང་པ་སྦེ་ རྩེད་འགྲན་འབད་བཅུག་ནི་ཨིན་པས།
འབྲུག་བཱསི་ཀེཌ་ཚོགས་སྡེའི་འཆར་གཞི་འགོ་དཔོན་ བཀྲིས་ནོར་བུ་གིས་འབད་བ་ཅིན་ སྡེ་ཚན་གྱི་དོན་ལུ་ ཐོ་བཀོད་འབད་ནིའི་དུས་ཚོད་དེ་ སྤྱི་ཟླ་༡༡ པའི་ཚེས་༣༠ ཚུན་ བཞག་ཡོད་མི་དེ་ཡང་ ན་གཞོན་སློབ་ཕྲུག་ཚུ་ ངལ་གསོའི་སྐབས་ ཐོ་བཀོད་འབད་དགོ་མནོ་མི་ཚུ་གི་དོན་ལུ་དང་ གཞན་ཡང་ བཅའ་མར་གཏོགས་ནིའི་དང་འདོད་ཡོད་མི་ཚུ་གིས་ ཐོ་བཀོད་འབད་བའི་རེ་བ་བསྐྱེད་དེ་ བཞག་ཡོད་ཟེར་ཨིན་པས།
ད་ལྟོ་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་དེ་ ཐིམ་ཕུ་རྫོང་ཁག་ནང་རྐྱངམ་གཅིག་འབད་ནི་ཨིན་རུང་ མ་འོངས་པ་ལུ་ རྫོང་ཁག་༢༠ འི་ནང་ འགོ་འདྲེན་འཐབ་ནིའི་རེ་བ་ ཡོད་ཟེར་ཨིན་པས། 
དེ་ཡང་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་དེ་ རྒྱལ་ཡོངས་བཱསི་ཀེཌ་བཱོལ་ཚོགས་སྡེའི་ལམ་ལུགས་དང་འཁྲིལ་ རྩེད་འགྲན་གྱི་དུས་ཚོད་ནང་ རྩེད་འགྲན་འབད་ནི་ཨིནམ་མ་ཚད་ དྲག་ཤོས་ཐོན་མི་ཚུ་ ཕྱི་རྒྱལ་ཁབ་ཚུ་ནང་ རྩེད་འགྲན་འབད་ནིའི་གོ་སྐབས་ བྱིན་ནི་ཨིན་ཟེར་ཨིན་པས།
བཱསི་ཀེཌ་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་ འཇིགས་མེད་ཀྱིས་འབད་བ་ཅིན་ དུས་ཅི་ལས་ རྒྱལ་ཁབ་ནང་ བཱསི་ཀེཌ་བཱོལ་སྡེ་ཚན་བཟོ་ཡོདཔ་མ་ཚད་ རྩེད་འགྲན་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་མི་དེ་གིས་ ད་ལས་ཕར་ རྒྱལ་ཁབ་ནང་ རྩེདམོ་དེ་ དར་ཁྱབ་གཏང་ཚུགས་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
ཨིན་རུང་ རྩེད་འགྲན་འབད་ནི་ལུ་དགའ་མི་ བཀྲིས་ཀྱིས་སླབ་མིའི་ནང་ རྩེད་འགྲན་འབད་མི་མངམ་འཐོབ་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་བཟོ་མ་ཚུགས་པའི་ཁར་ ཁོ་ར་ཡང་ སྡེ་ཚན་གཞན་མིའི་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་འཐོབ་མ་ཚུགསཔ་ལས་ གནས་སྟངས་དེ་ དོ་འགྲན་ཅན་ཅིག་འདུག་ཟེར་ ཨིནམ་ད་ སྡེ་ཚན་བཟོ་ནིའི་དོན་ལུ་ གཞུང་དང་སྒེར་ ལས་འཛིན་ ལས་སྡེ་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་བྱིན་པ་ཅིན་ ན་གཞོན་ཚུ་ལུ་ གོ་སྐབས་ལེགས་ཤོམ་སྤྲོད་ཚུགསཔ་མ་ཚད་ བཱསི་ཀེཌ་བཱོལ་དར་ཁྱབ་གཏང་ནི་ལུ་ ཕན་ཐོགས་ཚུགས་པའི་ཁར་ ན་གཞོན་ཚུ་ སྨྱོ་རྫས་ལག་ལེན་འཐབ་ནི་དང་ འཐབ་འཛིང་འབད་ནིའི་བྱ་སྤྱོད་ངན་པ་ཚུ་ལས་ བཀག་ཐབས་འབད་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment