གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་འབྲུག་ལུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ མང་སུ་ལྷོད་པའི་རེ་བ།

༤/༡༢/༢༠༡༢    ༉ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་ཐེབས་༡༢ ལྷགཔ་ཅིག་ འོང་ནིའི་རེ་བ་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ལུང་གཤོང་ནང་ ད་ལྟོ་ལས་ར་ ཁྲུང་ཁྲུང་སྐེ་ནག་༣༠༦ ལྷོད་ནི་དེ་གིས་ ཨིན་པས།
ད་ལྟོ་ ཕོབ་སྦྱིས་ཁ་ལུ་ལྷོད་མི་ ཁྲུང་ཁྲུང་སྐེ་ནག་ཚུ།


ཕོབ་སྦྱིས་ཁ་ལུ་ཡོད་པའི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལས་འགུལ་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༡༢ པ་མཇུག་བསྡུ་ཁམས་ལུ་ ཁྲུང་ཁྲུང་༣༥༠ དེ་ཅིག་ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ན་ཧིང་ ས་གནས་དེ་ནང་ ཁྲུང་ཁྲུང་༣༣༥ འོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ ཁྲུང་ཁྲུང་འོང་ས་ལུ་བལྟ་བ་ཅིན་ གྱངས་ཁ་ཡར་སེང་འགྱོ་ནི་བཟུམ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ བྱའི་གྱངས་ཁ་ དེ་ཅིག་ མ་ལྷོད་ཟེར་ཨིན་པས།
འཇིགས་མེད་ཚེ་རིང་གིས་འབད་བ་ཅིན་ ལུང་གཤོང་ནང་ བྱ་འོང་མིའི་གྱངས་ཁ་ཡར་སེང་འགྱོ་མི་དེ་ ཁྲུང་ཁྲུང་ཚུ་འཁྱམས་སྡོད་སའི་ས་གནས་གཞན་ བཀྲིས་གཡང་རྩེ་བུམ་སྡེ་གླིང་དང་ བུམ་ཐང་ དེ་ལས་ དབང་འདུས་རྫོང་ཁག་ ཤར་མཁོ་ཐོག་ཁ་ཚུ་ནང་ལས་ འོང་དོ་ཡོདཔ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ས་ཁོངས་དེ་ཚུ་ནང་ གོང་འཕེལ་དང་འབྲེལ་བའི་ ཉམས་ཆག་བྱུང་མི་ལུ་བརྟེན་ བྱ་རིགས་ཚུ་འཁྱམས་སའི་ ས་གོ་ལེགས་ཤོམ་མེདཔ་ལས་ ཕོབ་སྦྱིས་ཁ་ལུ་ འོང་དོ་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
བུམ་སྡེ་གླིང་ལུ་འབད་བ་ཅིན་ ཁྲུང་ཁྲུང་འཁྱམས་སའི་ས་ཁོངས་དེ་ ཆུ་རུད་ཀྱིས་མེདཔ་བཏང་ཡོདཔ་ད་ བུམ་ཐང་དང་ ཤར་མཁོ་ཐོག་ཁའི་ བྱ་རིགས་འཁྱམས་སའི་ས་གནས་ཚུ་ནང་ མི་གིས་ ཁྱིམ་དང་གཞི་རྟེན་མཁོ་ཆས་རྐྱབ་ནི་འགོ་བཙུགས་མི་ལུ་བརྟེན་ ས་གོ་མེདཔ་བཏང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ད་རེས་ ཁྲུང་ཁྲུང་ཉམས་སྲུང་གི་ ཐབས་ལམ་སྣ་ཚོགས་བཏོན་མི་ལུ་བརྟེན་ ཁྲུང་ཁྲུང་གི་གྱངས་ཁ་ ཡར་སེང་འགྱོ་དོ་འོང་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༥ གི་གྲངས་རྩིས་དང་འཁྲིལ་བ་ཅིན་ འཛམ་གླིང་ནང་ ཁྲུང་ཁྲུང་སྐེ་ནག་༡༡,༠༠༠ དེ་ཅིག་ ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འདས་པའི་ལོ་༢༦ གི་ནང་འཁོད་ལུ་ ཁྲུང་ཁྲུང་གི་གནས་ཚད་ལུ་ བལྟ་བ་ཅིན་ ཕོབ་སྦྱིས་ཁ་ལུ་ བྱ་༣ ཡར་སེང་སོང་ཡོད་རུང་ བུམ་སྡེ་གླིང་ལུ་བྱ་༤ དེ་ཅིག་ མར་བབས་སོང་ཡོདཔ་ད་ དེ་བཟུམ་སྦེ་ བུམ་ཐང་དང་ མཁོ་ཐོག་ཁ་ལུ་ བྱ་རེ་རེ་མར་བབས་སོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འགོ་དང་པ་ སྤྱི་ལོ་༡༩༨༦ དང་༡༩༨༧ ལུ་ ཁྲུང་ཁྲུང་སྐེ་ནག་གི་ གྲངས་རྩིས་འབད་ནི་ འགོ་བཙུགས་པའི་སྐབས་ བྱ་འོང་མི་ ས་གནས་ཀྱི་གྲས་ལས་ མཐོ་ཤོས་ཅིག་ བུམ་སྡེ་གླིང་ལུ་ ཁྲུང་ཁྲུང་༢༠༠ ཐོ་བཀོད་འབད་མི་ལས་ ན་ཧིང་༡༠༢ ལུ་ མར་འབབས་སོང་ཡོདཔ་ད་ དེ་བཟུམ་སྦེ་ བུམ་ཐང་ལུ་༢༠ ཐོ་བཀོད་འབད་མི་དེ་༥ ལུ་མར་བབས་དང་ མཁོ་ཐོག་ཁ་ལུ་ ཁྲུང་ཁྲུང་༣༠ ལྷོད་མི་དེ་ ན་ཧིང་༥ ལས་མ་ལྷོད་ཨིན་པས།
དེ་འབདཝ་ད་ ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ གྲངས་རྩིས་འགོ་བཙུགས་པའི་ལོ་དེ་ནང་ ཁྲུང་ཁྲུང་༡༢༠ ཐོ་བཀོད་འབད་མི་ལས་ ན་ཧིང་༣༣༥ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་དེ་ གནམ་བྱཱར་གྱི་འཁྱམས་ས་ བོད་བམ་མཚོ་ཟེར་ས་ལས་ གནམ་དགུན་ ས་ཆའི་བསིལ་དྲོད་དང་བསྟུན་ འབྲུག་ལུ་འཕུར་འོང་དོ་ཡོདཔ་ད་ ས་གནས་དེ་ཁར་ལས་ དྲོ་པའི་ཆུ་ཚོད་༩ དང་ཕྱེད་དེ་ཅིག་ལས་ འཕུར་བའི་སྐབས་ ཕོབ་སྦྱིས་ཁ་ལུ་ ཉི་མའི་ཆུ་ཚོད་༡༢ དང་༢ ཀྱི་བར་ན་ ལྷོད་དོ་འོང་ནི་མས་ཟེར་ འཇིགས་མེད་ཚེ་རིང་གིས་ སླབ་ཡོདཔ་ད་ བྱ་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་༡༠ པ་ལས་ འོང་ནི་འགོ་བཙུགས་མི་གིས་ སྤྱི་ཟླ་༢ པའི་ནང་ ལོག་བོད་ལུ་ འཕུར་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།


 
ཕོབ་སྦྱིས་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment