གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མོང་སྒར་ལུ་ བསྐུལ་བསྒྲགས་དང་ ཁས་བླངས་གསལ་བསྒྲགས།

༤/༧/༢༠༡༣   ༉ གལ་སྲིད་ སྤྱི་ཚོགས་༢ པའི་ བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་གི་གོ་སྐབས་འཐོབ་ཚུགས་པ་ཅིན་ རྒྱལ་ཁབ་ནང་ དཔལ་འབྱོར་གནས་སྟངས་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་ བརྩམས་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མོང་སྒར་ལུ་སྦེ་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་སྟོན་འབད་ཡོདཔ་ཨིན་པས
དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།

བསམ་རྩེ་རྫོང་ཁག་གི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ ད་རིས་ལས་ རྩ་གྲོལ་གཏང་ནི།

༤/༧/༢༠༡༣    ༉ བསམ་རྩེ་རྫོང་ཁག་གི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ སྤྱི་ལོ་༢༠༡༣ ཅན་མའི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་འཁྲིལ་ཏེ་ ཚོགས་ཆུང་དེ་ ད་རིས་ལས་ རྩ་གྲོལ་འགྱོཝ་ལས་བརྟེན་ ད་ལས་ཕར་ རྩོད་རྙོགས་ཚུ་ ངོས་ལེན་མི་འབད་ནི་ཨིན་པས

བཙག་འཐུ་སྡེ་ཚན་ ལུང་ནག་ནང་ལུ་ ནངས་པ་འགྱོ་ནི།

༣/༧/༢༠༡༣   ༉ ནངས་པ་ལས་ སྡེ་ཁྲིད་འགོ་དཔོན་ཅིག་དང་ ཚོགས་རྒྱན་འགོ་དཔོན་༥ དང་ སྨན་བཅོས་མཁས་མཆོག་༡ རྩིས་ཏེ་ སྲུང་སྐྱོབ་དམག་མི་༡༣ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ ལ་མཐོ་སའི་ས་གནས་ ལུང་ནག་ནང་ལུ་ འགྱོ་ནི་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ གོ་བ་བརྡ་སྤྲོད་འབད་མི་ ཤིང་ག་ལ་མི་སེར་ཚུ།

རྒྱབ་ཁབ་ཀྱི་ མཐའ་དོན་ལུ་ གནོད་སྐྱོན་རྐྱབ་ཡོད་པ་ཅིན་ རྒྱབ་བཤུད་རྐྱབ་ནི།

༣/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ གནོད་སྐྱོན་རྐྱབ་ཡོད་པ་ཅིན་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་རན་མིའི་ནང་ དོ་འགྲན་མ་འབད་བར་ རྒྱབ་བཤུད་རྐྱབ་ནི་ཨིན་པས།
དེ་ཡང་ ཁ་ཙ་ མི་མང་རྩོད་བསྡུར་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ལྷོ་ཐིམ་ཕུའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ སྲིད་ཚོགས་དེ་ལུ་ ཁ་ཉེས་བཀལ་མི་དང་ སྐྱོན་བརྗོད་འབད་མི་ཚུ་ལུ་བརྟེན་ འབྲུག་དང་རྒྱ་གར་གྱི་བར་ན་ མཐུན་ལམ་ལེགས་ཤོམ་གནས་ཡོད་མི་ལུ་ གནོད་པ་ག་དེ་སྦེ་བྱུང་ཡོདཔ་ཨིན་ནའི་ ར་ཁུངས་བཟང་བའི་སྐབས་ མི་མང་ལུ་ གསལ་བསྒྲགས་འབད་ཡི།


མེ་རླུང་གཱེསི་དང་ ས་མར་ཁུའི་གོང་ཚད་ཡར་སེང་སོང་མི་ལུ་ ཚ་གྱང་ལང་དགོཔ་མེདཔ།

༣/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མོང་སྒར་དགྲ་མེད་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ ཁ་ཙ་ལས་འགོ་བཙུགས་ རྒྱ་གར་གཞུང་གིས་ འབྲུག་གི་དོན་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཚུ་ བརྒྱ་ཆ་ཧྲིལ་བུ་ ཡར་སེང་རྐྱབ་མི་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་བཤད་ཅི།
ཁ་ཙ་དྲོ་པར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ ཡ་ལྡི་སློབ་གྲྭ་ནང་འཛོམས་མི་ མི་སེར་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།

ཆུ་སྨད་ལས་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་རུང་ ཆོས་འཁོར་ལུ་དོགས་སྣང་།

༣/༧/༢༠༡༣   ༉ འཆར་གཞི་༡༡ པའི་མ་དངུལ་དེ་ རྒྱ་གར་ལས་ གཏན་འཁེལ་མེདཔ་མ་ཚད་ འབྲུག་གི་དོན་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཕབ་ཆག་ཕྱིར་བཏོན་འབད་མི་ཚུ་ རྒྱ་གར་གྱིས་ རྒྱབ་སྐྱོར་འབད་མི་ ཉམས་འགྱོ་བའི་ བརྡ་མཚོན་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ བུམ་ཐང་གི་ མི་སེར་ཚུ་ལུ་སླབ་ནུག།

གློག་བརྙན་བཟོ་སྐྲུན་འབད་མི་ མར་བབས་སོང་ཡོདཔ།

༣/༧/༢༠༡༣   ༉ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ ཉམས་འགྱོ་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་པ་ཚུ་གིས་ གློག་བརྙན་བཟོ་མ་ཚུགས་པར་ལུས་དོ་ཡོདཔ་ལས་ གློག་བརྙན་བཟོ་སྐྲུན་གྱི་ལཱ་ལུ་བརྟེན་སྡོད་མི་ ན་གཞོན་ཚུ་ ལཱ་གཡོག་མེད་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་འཁོད་ཀྱི་ ཁ་སྐད་མ་འདྲཝ་ཚུ་ ཉམས་ཉེན་ཡོདཔ།

༣/༧/༢༠༡༣   ༉ འབྲུག་ནང་འཁོད་ཀྱི་ ས་གནས་ཁག་གི་ ཁ་སྐད་མ་འདྲཝ་ཚུ་ བསྡུ་སྒྲིག་འབད་ནི་གི་ལས་འགུལ་ཟེར་ ཁ་སྐད་རིག་པའི་ནང་ གཙུག་ལག་དང་ མཁས་དབང་ཤེས་ཡོན་ཅན་གྱི་ བཟའ་ཚང་༢ ཀྱིས་ འདས་པའི་ལོ་༢ དེ་ཅིག་ལས་ འགོ་བཙུགས་ཡོད་མི་ ལས་འགུལ་དེ་གིས་ འབྲུག་གི་ཁ་སྐད་ཉམས་ཉེན་ཡོད་མི་ཚུ་ བསྡུ་སྒྲིག་འབད་དེ་ སྒྲ་བཟུང་འབད་ཞིནམ་ལས་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ཁ་སྐད་མ་འདྲཝ་ཚུ་གི་ སློབ་སྟོན་འབད་བའི་བསྒང་།

དབྱར་རྩྭ་དགུན་འབུབ་འཐུ་མི་ ཕོ་སྐྱེས་ཅིག་གི་ཕུངམ་ ལ་ཁར་ལུས་ཡོདཔ།

༣/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་བའི་སྐབས་ལུ་ ཤི་རྐྱེན་བྱུང་མི་ ཕོ་སྐྱེས་ཅིག་གི་ཕུངམ་དེ་ ལམ་ཐག་རིང་ནི་དེ་གིས་ གཡུས་ཁར་སྐྱེལ་མ་ཚུགསཔ་ལས་ ལ་ཁ་ལུ་ར་ ས་དོང་ནང་ བཙུགས་བཞག་ཡོདཔ་ཨིན་པས།

མི་མང་གི་བསམ་འཆར།

༣/༧/༢༠༡༣    བཙག་འཐུ་ལྷན་ཚོགས་ཀྱི་ཁྲིམས་ དྲང་བདེན་དང་ འདྲ་མཉམ་མེད་པའི་མངོན་གསལ།
༉ ཧེ་མར་ སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ ང་གིས་ མི་སེར་ལུ་མིན་པར་ ལཱ་འབད་མི་༦ ལུ་ ཆང་བི་ཡར་ཤེལ་དམ་༦ བྱིན་ཡོད་མིའི་ཐད་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ འཁྲུན་ཆོད་ཨང་༢༦/༧/༢༠༡༡ ཅན་མའི་དགོངས་དོན་དང་འཁྲིལ་ ང་ར་ རྒ་པོའི་འདེམས་ངོ་ལས་ ཆ་མེད་བཏང་ཡོདཔ་མ་ཚད་ ཉེས་བྱ་ཡང་ དངུལ་ཀྲམ་༦,༠༠༠ ཡངས་ཆག་མེད་པར་ བཀལ་གནང་ཡི་ཟེར་ཞུ་ནི།
འདི་འབདཝ་ད་ ད་རེས་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ནང་འབད་བ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༣ པའི་རྩ་དོན་༤ པ་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༧༩ པ་ཚུ་གི་ དགོངས་དོན་ལས་འགལ་བའི་ངན་ལྷད་ དཔེ་འབད་བ་ཅིན་ ཧཱ་རྫོང་ཁག་གསང་སྦས་ལུ་ འགྲུལ་འཕྲིན་བའུ་ཅར་གྱི་དོན་ལུ་ དངུལ་ཀྲམ་༡༧,༠༠༠ སྤྲོད་མི་དང་ གཞན་ཡང་ རྫོང་ཁག་སོ་སོ་ནང་ལས་ཕར་ སྲིད་ཚོགས་ཀྱི་ འདེམས་ངོ་དང་ ཚོགས་པ་ཚུ་གིས་ ཇ་དང་ལྟོ་ལ་སོགས་པ་བྱིན་ཡོད་པའི་ ལོ་རྒྱུས་ཚུ་ ཐོན་ནུག་ཟེར་ཞུ་ནི།
དེ་མ་ཚད་ བཙག་འཐུ་འགོ་དཔོན་དང་ ཡིག་ཚང་ཚུ་ལས་ གནང་བ་མེད་པའི་ མི་མང་དང་ སྲིད་ཚོགས་འཛོམས་འདུ་ཚུ་ ཁྲིམས་འགལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ མངོན་གསལ་བྱུང་ཡོད་མི་ཚུ་ གནས་སྟངས་དང་ དུས་ཚོད་དང་བསྟུནམ་ད་ གཞུང་གི་བཀག་དམ་ལས་འགལ་བའི་ ངན་ལྷད་ཀྱི་ ལཱ་ནང་ཚུད་དེ་ཡོདཔ་ལས་ ཉེས་བྱའི་ཐད་ རང་ལུ་ སྤྱི་ལོ་༢༠༡༡ ལུ་བཀལ་མི་ ཉེས་བྱ་དང་འདྲ་མཉམ་སྦེ་ ཕོག་དགོཔ་ཨིན་རུང་ ད་རེས་ རྫོང་ཁག་བཙག་འཐུའི་རྩོད་ཉོགས་སེལ་ཐབས་ཚོགས་ཆུང་གི་ ཁ་ཐུག་ལས་ ཉེན་བརྡ་ཅིག་བྱིན་ཏེ་ བཞགཔ་ཨིན་པས་ཟེར་ཞུ་ནི།
འདི་འབདཝ་ལས་ བཙག་འཐུ་ལྷན་ཚོགས་ལུ་ བཅའ་ཁྲིམས་ཁག་༢ ཡོདཔ་བཟུམ་སྦེ་ ཚོར་སྣང་བྱུང་ཡོདཔ་བཞིན་དུ་ དེ་སྦེ་ཨིན་པ་ཅིན་ མི་སེར་ཉམ་ཆུང་རང་ལུ་ ཁེ་རྒུད་རྩ་ལས་མ་བཏུབ་ཟེར་ཞུ་ནི། ད་རིས་ཀྱི་ དུས་ཚོད་དང་ གནས་སྟངས་ནང་བྱུང་ཡོད་མི་ ངན་ལྷད་ཚུ་ ཚབས་ཆེན་ཨིནམ་ལས་ ཉེས་བྱ་ཚུ་ཡང་ ང་ལུ་བཀལ་དོ་བཟུམ་ བཀལ་གནང་དགོ་ཟེར་ཞུ་ནི།
གནད་དོན་དེ་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱི་ཧོངས་ལས་ ཡང་བསྐྱར་དབྱེ་ཞིབ་མཛད་དེ་ ཉེས་པ་དང་བསྟུན་པའི་ ཉེན་བརྡ་མིན་པར་ ཉེས་ཁྲིམས་འདི་ར་ ཡངས་ཆག་མེད་པར་ བཀལ་གནང་དགོ་ཟེར་ ཞུ་ནི་ཨིན། 
ཨྱོན་རྡོ་རྗེ།
དྭགས་ས། དགོངས་འདུ་རྒེད་འོག། མོང་སྒར་རྫོང་ཁག།

 


ཏི་རུ་སྤྲོད་མི་ལུ་ དབྱེ་ཞིབ་མཐིལ་ཕྱིན་གནང་དགོཔ།

༉ ཧཱ་ལུ་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ རང་རྩེ་གཡུས་ཚན་ལས་ཨིན་མི་ ཚོགས་པའི་ལས་བྱེདཔ་ཅིག་ཨིན་མི་ ཉི་མ་ཚེ་རིང་ལུ་ མི་གྲངས་༡༡ ལུ་ ཏི་རུ་སྤྲོད་ཡོད་པའི་ ཉེས་བྱ་དངུལ་ཀྲམ་༣,༠༠༠ བཀལ་ཡི་ཟེར་མི་ལུ་ ང་བཅས་མི་སེར་ཚུ་ ཚ་གྱང་སྦོམ་ལང་བཅུག་ཅི་ཟེར་ཞུ་ནི། དཔེར་ན་ གེ་ཟ་སྤྱ་གིས་བཟའ་ མདའ་རྐྱབ་ད་ དོམ་གུ་རྐྱབ་དོ་བཟུམ་ཡ་སོ་ཡི་ཟེར་ཞུ་ནི།
དེ་སྦེ་ ཞུ་དགོ་མི་དེ་ཡང་ ཉི་མ་ཚེ་རིང་ཁོ་རའི་དོན་ལུ་ ཚོགས་རྒྱན་དགོ་ནི་སྦེ་ རྒྱབ་སྐྱོར་འཚོལ་ཞིནམ་ལས་ ཏི་རུ་སྤྲོད་སྤྲོདཔ་ཨིན་ན་ ཡང་ཅིན་ ཁོ་རའི་འདེམས་ཁོངས་ཀྱི་ འདེམས་ངོའི་དོན་ལུ་ བྱིན་བྱིནམ་ཨིན་ན་ ཏི་རུ་དེ་ ག་ཏེ་ལས་བྱུང་བྱུངམ་ཨིན་ན་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ ལེགས་ཤོམ་སྦེ་ ཞིབ་དཔྱད་མ་རྐྱབ་པར་ ཉི་མ་ཚེ་རིང་བཟུམ་སྦེ་ ལཱ་འབད་མི་ལུ་ ཉེས་བྱ་ཕོག་པ་ཅིན་ ད་ལས་ཕར་ རྒྱལ་ཁབ་ནང་ ལཱ་འདི་བཟུམ་འབད་མི་ ལེ་ཤ་འཐོན་འོང་ཟེར་ཞུ་ནི།
འདི་འབདཝ་ལས་ འབྲེལ་ཡོད་ལས་ཁུངས་ཚུ་གིས་ དབྱེ་ཞིབ་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ ཞུ་ནི་ཨིན།
ཟོར་པོ། རང་རྩེ་རྟ་ང་།

འབྲུག་པའི་ན་གཞོན་ཚུ་ ཐའེ་ལེནཌ་ལུ་ གནས་སྐབས་ཀྱི་ ཨིང་ལིཤ་སློབ་སྟོན་གྱི་ གོ་སྐབས།

༣/༧/༢༠༡༣   ༉ ལཱ་གཡོག་འཚོལ་མི་ འབྲུག་པའི་ན་གཞོན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ཐའི་ལེན་རྒྱལ་ཁབ་ ཡོ་རི་ཤེས་ཡོན་ལྷན་ཚོགས་ཀྱིས་ སློབ་གྲྭ་ཁག་གི་དོན་ལུ་ ཨིང་ལིཤ་གི་ སློབ་སྟོན་པ་སྦེ་ འགྱོ་ནིའི་གོ་སྐབས་ལུ་ ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ཅི།
ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་དང་ ཐའི་ཤེས་རིག་ལྷན་ཁག་གི་ ལག་རྩལ་དང་ རིག་རྩལ་ཤེས་རིག་ལྷན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཆའི་རི་རུབ་ སི་རཱི་རག་༢ ཀྱིས་ མཚན་རྟགས་བཀོད་པའི་བསྒང་།

བསམ་རྩེ་ལུ་ སྒོ་བཤལ་གྱི་ ཁས་བླངས་གསལ་བསྒྲགས་འབད་དོ་ཡོདཔ།

༣/༧/༢༠༡༣    ༉ བསམ་རྩེ་རྫོང་ཁག་ བཀྲིས་ཆོས་གླིང་འདེམས་ཁོངས་ཀྱི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འབད་བ་ཅིན་ ས་གནས་ནང་ ལོ་ངོ་༡༠ གྱི་ཧེ་མ་ལས་ མི་དང་སེམས་ཅན་གྱི་བར་ན་ བྲེལ་ཟིང་ལང་ཡོད་མིའི་དཀའ་ངལ་སེལ་ཚུགས་ཟེར་བའི་ ཁས་བླངས་འབད་མི་ལུ་ ཚོགས་རྒྱན་བྱིན་ནི་ཟེར་ བཤདཔ་ཨིན་པས།

ད་རིས་ལས་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཡར་སེང་།

༢/༧/༢༠༡༣   ༉ ད་རིས་ལས་འགོ་བཙུགས་ཏེ་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་དེ་ ཧེ་མའི་གོང་ཚད་དང་ཕྱདཔ་ད་ ལོག་ལྟབ་སྦེ་ ཡར་སེང་རྐྱབ་ནི་ཨིན་པས།
དེ་ཡང་ གཙོ་བོ་ར་ རྒྱ་གར་གཞུང་གིས་ ད་ཚུན་གྱི་རིང་ འབྲུག་གི་དོན་ལུ་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ མར་ཕབ་རྐྱབ་བྱིན་མི་དེ་ ཁ་ཙ་ ཆ་མེད་བཏང་སྟེ་ བསྒྱུར་བཅོས་འབད་ནི་དེ་གིས་ཨིན་མས་ཟེར་ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཁ་ཙ་ མེ་རླུང་རྒྱ་རྫིའི་གོང་ཚད་ ཡར་སེང་རྐྱབ་ནི་ཨིན་པའི་ ལོ་རྒྱུས་གོཝ་ཅིག་ མི་ཚུ་གིས་ མུ་ཏིག་ཐང་ རྒྱ་རྫི་བཀྲམ་སྤེལ་ཁང་ནང་ ག་ཐོབ་རྐྱབ་པའི་བསྒང་།

སྤུན་ཆ་ཨ་ལུ་༢ ལུ་ཤི་རྐྱེན།

༢/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་རྒེད་འོག་ སེར་ཁག་པོ་གཡུས་ཚན་ནང་ སྐྱེས་ལོ་༤ ལང་མི་ བུམོ་ཅུང་ཅིག་དང་ སྐྱེས་ལོ་༢ ལང་མི་ བུཚ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ རྫོང་ཁག་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས

དམ་ཅན་སྡེ་ཚན་གྱིས་ རྒྱལ་རྟགས་ཐོབ་ཡོདཔ།

༢/༧/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ ཁྲི་ལོ་༢༥ འཁོར་བའི་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལུ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ དམ་ཅན་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ་ལས་ དུས་ཅི་གི་རྩིསཝ་ད་ རྒྱལ་རྟགས་ཀྱི་གསོལ་རས་ ཚར་༢ ཐོབ་ཨིན་པས།
དམ་ཅན་སྡེ་ཚན་གྱིས་ རྒྱལ་རྟགས་ཀྱི་ རྟེན་འབྲེལ་ལུ་ དཔལ་ལྡན་འབྲུག་པ་ཟེར་ ལགཔ་འཐུ་བའི་བསྒང་།

འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་ཚུ་ལུ་དྲི་དཔྱད།

༢/༧/༢༠༡༣    ༉ འདས་པའི་བདུན་ཕྲག་ནང་ བཀྲིས་སྒང་རྫོང་ཁག་ནང་ མི་མང་རྩོད་བསྡུར་འགོ་འདྲེན་འཐབ་པའི་སྐབས་ ཧེ་མའི་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་དང་ མོ་གི་ཆ་རོགས་ ནོར་བུ་དབང་ཕྱུག་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་ཚུ་ལས་ གོ་སྐབས་འཕྱོག་མིའི་སྐོར་ལས་ དྲི་བ་ཚུ་བཀོད་ནུ

གཞུང་ཁྱིམ་ནང་ ཚུལ་མིན་ཐོག་ལུ་ སྡོད་སྤྱོད་འབད་མི་ཚུ་ ཐོན་འགྱོ་དགོ་པའི་ཡིག་འཕྲིན་བཏང་ཡོདཔ།

༢/༧/༢༠༡༣   ༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཐིམ་ཕུ་ལྕང་ཇི་ཇི་གི་ གཞུང་ཁྱིམ་ནང་ ཐོ་བཀོད་འབད་དེ་ཡོད་མི་ ཞི་གཡོགཔ་མེན་པར་ རང་གི་སྤུན་ཆ་བཞག་སྟེ་ཡོདཔ་ བདའ་བཟུན་མི་ལུ་བརྟེན་ ཟླ་ངོ་༡ གི་ནང་འཁོད་ལུ་ར་ ཐོན་འགྱོ་དགོཔ་སྦེ་ཡི་གུ་བཏང་ཡོད་མི་ལུ་བརྟེན་ ད་ལྟོ་སྡོད་ཁྱིམ་ནང་སྡོད་མི་ཚུ་གིས་ སྤྱི་ཟླ་༧ པའི་ ཟླ་མཇུག་ལུ་ ཁྱིམ་སྟོངམ་གཏོན་ནི་ཟེར་ ཁ་བཟེད་ཡོད་ཟེར་ ཡོངས་ཁྱབ་འཛིན་སྐྱོང་པ་ ཕྱག་རྡོར་ཝའི་རྒྱ་མཚོ་གིས་ སླབ་ཨིན་པས།
ཐིམ་ཕུ་ལྕང་ཇི་ཇི་ ཞི་གཡོགཔ་དབྱེ་རིམ་༩ ཡན་ཆད་འབད་མི་ཚུ་གི་ གཞུང་མིན་གྱི་ མཐོང་སྣང་།