གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲང་དཔོན་ཚུ་གིས་ ཁྲིམས་ལུགས་ གཅིག་མཚུངས་བཟོ་ནི།


འབྲུག་གི་རྒྱལ་ཡོངས་དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ གྲོས་གཞི་ལེ་ཤ་ལེ་ཅིག་ར་ གྲོས་བསྡུར་གནང་ནི།
རིག་འཛིན་དབང་ཕྱུག།

ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ །  འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ དང་ དྲུང་ཁག་༡༥ གི་ དྲང་དཔོན་ཚུ་གིས་ ད་རིས་ལས་འགོ་བཙུགས་ ཉིན་གྲངས་༢ ཀྱི་རིང་ འདས་པའི་ལོ་ངོ་༢ ཀྱི་ ཁྲིམས་དང་འབྲེལ་བའི་ གནད་དོན་ཚུ་ བསྐྱར་ཞིབ་འབད་དེ་ སྟབས་བདེ་ཏོག་ཏོ་དང་ ཁྲིམས་སྡེའི་ལམ་ལུགས་གཅིག་མཚུངས་བཟོ་ནི་ཨིནམ་མ་ཚད་ གཉེན་འབྲེལ་དང་ ཨ་ལུའི་གསོ་འཐུས་ གཞུང་འཁོར་ དཀའ་འཐུས་ འཁྲུན་ཆོད་བསྟར་སྤྱོད་ལ་སོགས་པའི་ གནད་དོན་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནི་ཨིན་པས།

དེ་ཡང་ དྲང་དཔོན་ཚུ་གིས་ ལོ་ངོ་༢ ཀྱི་བར་ན་ ཚར་རེ་འཚོག་སྲོལ་ཡོད་མི་ རྒྱལ་ཡོངས་ཁྲིམས་སྡེའི་ཞལ་འཛོམས་ཐེངས་༢༠ པའི་ནང་ ཨ་ལུའི་གསོ་འཐུས་སྤྲོད་ནིའི་དོན་ལུ་ འགོ་བཙུགས་ཚེས་གྲངས་འདྲ་མིན་ཡོད་མི་དང་ ཁྲིམས་འདུན་སོ་སོའི་ནང་ གཉེན་དང་འབྲེལ་བའི་ ཐོབ་ལམ་སྤྲོད་ཐངས་དང་ གཉེན་ཐམ་སྤྲོད་ཐངས་མ་འདྲཝ་ཡོད་མི་ཚུ་ གྲོས་བསྡུར་འབད་དེ་ གཅིག་མཚུངས་བཟོ་ནི་དང་ གཉེན་ཡ་བྲལ་ལས་བརྟེན་པའི་ ཐོབ་ལམ་ནང་ འོང་འབབ་ངེས་ཏིག་གི་ ངེས་ཚིག་དེ་ཡང་ གཏན་འཁེལ་བཟོ་ནི་ཨིན་པས།
བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ གྲོས་འཆར་བཙུགས་མིའི་ནང་ ཕམ་གཉིས་ཡ་བྲལ་འགྱོཝ་ད་ ཨ་ལུའི་གསོ་འཐུས་དེ་ དངུལ་ཕོགས་ངེས་ཏིག་ལག་པར་ ཐོབ་མི་ལས་དང་ ཡང་ཅིན་ དངུལ་ཕོགས་ཡོངས་བསྡོམས་ལས་ བཏོག་ནི་ཨིན་ན་ དེ་གི་སྐོར་ གྲོས་བསྡུར་འབད་དེ་ གཅིག་མཚུངས་བཟོ་དགོཔ་འདུག་ཟེར་ བཀོད་ཡོདཔ་མ་ཚད་ ཕམ་ཡ་བྲལ་སོང་མི་དེ་ ཁག་འབགཔ་དང་ ཡང་ཅིན་ ཚོང་འབྲེལ་འཐབ་སྡོད་མི་ཨིན་པ་ཅིན་ ཁོང་ལུ་ འོང་འབབ་ཀྱི་ གནས་ཐོ་ཏན་ཏན་མེདཔ་ལས་ ཨ་ལུའི་གསོ་འཐུས་དེ་ རྒྱལ་ཡོངས་ལས་མིའི་གླ་ཆ་གུ་ གཞི་བཞག་སྟེ་ བཏོག་པ་ཅིན་ བཏུབ་མི་བཏུབ་ཀྱི་ གྲོས་བསྡུར་ཡང་ གནང་ནི་ཨིན་པས།
ད་རུང་ གཉེན་ཐམ་མེད་པའི་རིགས་ ཁྲིམས་ཀྱི་འདུན་ས་ལས་ རྩོད་བཤེར་དང་འབྲེལ་བའི་ ནང་འགྲིགས་འབད་ཆོག་པའི་ བཀའ་རྒྱ་གནང་སྲོལ་ཡོད་མི་དེ་ ཁྲིམས་མཐུན་ཨིན་མེན་གྱི་སྐོར་ལས་ཡང་ བསྐྱར་ཞིབ་འབད་ནི་ཨིན་པས།
གནད་དོན་གཞན་ དཔེར་ན་ ཁྲིམས་ཀྱི་འདུན་ས་གཅིག་ལས་ གཉེན་འབྲེལ་དང་ བུ་ལོན་འཁྲུན་ཆོད་གནང་བའི་ཤུལ་ལུ་ ཨ་ལུའི་གསོ་འཐུས་དང་ བུ་ལོན་སྤྲོད་རིམ་ཚུ་ འཁྲུན་ཆོད་གནང་མི་ ཁྲིམས་འདུན་ལུ་ར་མིན་པར་ རྩོད་རྩ་དང་ རྩོད་ཟླ་ཚུ་སྡོད་སའི་ ཉེ་འདབས་ཀྱི་ ཁྲིམས་འདུན་ལུ་ ཕུལ་ཆོག་པའི་ གྲོས་གཞི་ཕུལ་མི་གུ་ གསུང་གྲོས་གནང་ནི་ཨིནམ་ད་ བསམ་རྩེའི་ཁྲིམས་འདུན་གྱིས་འབད་བ་ཅིན་ ཉམས་རྒུད་བྱུང་མི་ རྩ་ཕན་ཚུ་སྡོད་སའི་ ས་གོ་ནང་གི་ ཁྲིམས་འདུན་ལུ་ གསོ་འཐུས་དང་ བུ་ལོན་ཚུ་ ཕུལ་ཆོགཔ་བཟོ་བ་ཅིན་ ཨ་ལུའི་གསོ་འཐུས་ལེན་མི་དང་ བུ་ལོན་རྩ་བོ་ཚུ་ལུ་ ལམ་ཐག་རིང་སར་ འགྱོ་མ་དགོ་པའི་ཁར་ དུས་ཚོད་དང་ ཟད་འགྲོ་ཡང་འཇམ་པའི་ ཕན་ཁྱད་ཚུ་ འབྱུང་འོང་ཟེར་ཨིན་པས།
གལ་སྲིད་ གྲོས་འཆར་དེ་ལུ་ གྲོས་འཆམ་བྱུང་ཚུགས་པ་ཅིན་ རྩ་ཕན་རྐྱངམ་གཅིག་ལུ་ ཕན་ཐོགས་འབྱུང་ནི་མེན་པར་ དྲང་ཁྲིམས་ལྷན་སྡེའི་ དབུ་འཕང་དང་ མི་མང་གི་ བློ་གཏད་ཡིད་ཆེས་ཡར་དྲག་གཏང་ཚུགས་ཟེར་ གྲོས་འཆར་ནང་བཀོད་ནུག།
ཁ་ཙ་ ཐིམ་ཕུ་ཆེ་མཐོ་ཁྲིམས་འདུན་གྱི་ ཞལ་འཛོམས་ཁང་ནང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་སྒོ་དང་བཅསཔ་སྦེ་ གྲོས་བསྡུར་ཞལ་འཛོམས་འགོ་འབྱེད་གནངམ་དང་འབྲེལ་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ མི་མང་གིས་ དྲང་ཁྲིམས་ལྷན་སྡེ་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནི་ལུ་ ཁྲིམས་སྡེའི་ནང་ ཕྱག་ལཱ་གནང་མི་ཚུ་གིས་ འགན་ཁུར་རྩ་ཅན་འབག་དགོཔ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ དྲང་དཔོན་ཚུ་གིས་ ཀུན་སྤྱོད་རྣམ་གཞག་ལུ་ གཙོ་བོར་བཟུང་སྟེ་ འགན་ཁུར་ཚུ་ ཚུལ་བཞིན་དུ་ འབག་དགོཔ་མ་ཚད་ ཁྲིམས་སྡེའི་རང་དབང་སྒྲིང་སྒྲིང་བཟོ་ནི་ལུ་ཡང་ གཅིག་མཐུན་ཐོག་ལས་ རྒྱབ་སྐྱོར་འབད་དགོ་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངས་པའི་ཁར་ འདས་པའི་ཉམས་མྱོང་ཚུ་ ལྷབ་ཐོག་ལས་ མ་འོངས་པའི་དོན་ལུ་ གྲ་སྒྲིག་འབད་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

No comments:

Post a Comment