གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུས་ཐོག་ཉེས་ཁྲིམས་ཀྱི་ སྲིད་བྱུས་བསྐྱར་ཞིབ།

༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལུས་ཐོག་ཉེས་ཁྲིམས་བཀལ་ནི་དེ་ བཀག་འཛིན་འབད་དེ་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་གིས་ སྤྱོད་ལམ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ ཐོན་པའི་ནམ་དུས་ལུ་ ལུས་ཐོག་ཉེས་ཁྲིམས་ཀྱི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་གི་ གྲོས་འཆར་བྱུང་ཡོདཔ་ཨིན་པས།

སློབ་ཕྲུག་ཨ་ལུ་ཚུ་གི་ སྤྱོད་ལམ་དང་འབྲེལ་བའི་ གནས་སྟངས་ནང་ ལན་ཐེངས་མང་རབས་ཅིག་ ལུས་ཐོག་ཉེས་ཁྲིམས་བཀག་འཛིན་འབད་ཡོད་པའི་ སྲིད་བྱུས་དང་འབྲེལ་བའི་ ཁྲིམས་ལུགས་ཚུ་དང་ བྲེལ་ཟིང་ཐོནམ་ལས་ གྲོས་འཆར་དེ་དང་བསྟུན་ སྲིད་བྱུས་དེ་ལུ་ བསྒྱུར་བཅོས་འབད་ཐོག་ ཤུལ་མའི་ཟླཝ་ནང་་ལས་ ལག་ལེན་འཐབ་ནི་ཨིན་པས།
ཤེས་རིག་ལྷན་ཁག་གི་དྲུང་ཆེན་ སངས་རྒྱས་བཟངམོ་གིས་ སླབ་མིའི་ནང་ མི་སྡེ་ཚུ་ག་ར་ ཁྲིམས་དང་མཐུན་འབྲེལ་ཅན་བཟོ་དགོཔ་དེ་ གལ་ཆེ་བའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ལས་ར་ གནས་སྟངས་དེ་ཚུ་ ངོས་འཛིན་འབད་དེ་ གདོང་ལེན་སྒྲིང་སྒྲིང་མ་འབད་བ་ཅིན་ ནམ་ཅིག་གི་ཚེ་ འཛིན་སྐྱོང་འབད་མ་ཚུགས་པའི་ དུས་ཚོད་ཁར་ལྷོད་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཨ་ལུ་ཚུ་གི་ སྤྱོད་ལམ་དང་འབྲེལ་བའི་གནས་སྟངས་ཚུ་ འཇིགས་སྣང་དང་ འཚེར་སྣང་མེད་པའི་ཁར་ ཆགས་སྡང་ཕྱོགས་རིས་མེད་པར་ སྒྲིང་སྒྲིང་འབད་ར་ ངོས་ལེན་འབད་ནི་ཟེར་ཨིན་པས།
ཤེས་རིག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ན་གཞོན་ཨ་ལུ་ཚུ་ལུ་ སྤྱོད་ལམ་བསྐྱར་གསོའི་ལས་རིམ་གྱིས་ ཕན་ཐོགས་བྱུངམ་ཨིན་རུང་ སློབ་ཕྲུག་ལ་ལུ་གིས་ སྤྱོད་ངན་ཐོག་ལས་ ལཱ་ངན་ཚུ་འབད་ཞིནམ་ལས་ ཉེས་ཁྲིམས་ག་ནི་ཡང་མེད་པར་ ཡངས་ཆག་བཏང་བའི་ མནོ་བསམ་བཏངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཨ་ལུ་ཚུ་གིས་ སྤྱོད་ངན་དང་བསྟུན་པའི་ ཉེས་ཁྲིམས་ཡོད་པའི་ དྲན་ཚོར་འབད་དགོཔ་འདུག་ཟེར་ སངས་རྒྱས་བཟངམོ་གིས་ བཤདཔ་ཨིན་པས།
ཐིམ་ཕུའི་སློབ་གྲྭ་ཅིག་གི་ དབུ་འཛིན་གྱིས་ སླབ་མིའི་ནང་ ཁོ་གི་སློབ་གྲྭ་ནང་ ཉིནམ་ཨ་རྟག་ར་ སློབ་ཕྲུག་ཚུ་གི་ སྤྱོད་ལམ་དང་འབྲེལ་བའི་ དཀའ་ངལ་ཐོནམ་ཐོན་སར་ཡོད་ཟེར་ཨིནམ་ད་ ལ་ལུ་གིས་ སློབ་དཔོན་ཚུ་ལུ་ ཧད་བཏགས་འཚོལཝ་མ་ཚད་ ལ་ལུ་གིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ བང་བཙོང་ནི་དང་ ཡང་ཅིན་ འཐབ་འཛིང་འབད་ནིའི་ དཀའ་ངལ་ཚུ་ འཐོན་ནི་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ཨ་ལུ་ཚུ་གིས་ ཆང་འཐུང་སྟེ་ སློབ་ཁང་ནང་ འོང་མི་ཡང་འདུག་ཟེར་ཨིནམ་ད་ སློབ་དཔོན་ཚུ་ལུ་ རྒོལ་ནི་ལུ་འཚེར་སྣང་མེད་པའི་ སྤྱོད་ངན་དེ་ ལུགས་སྲོལ་བཟུམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
བསླབ་བྱ་བྱིན་ནི་དང་ དོ་དམ་ནང་བཞག་མི་དེ་གིས་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་བྱུང་མི་ཚུགས་པས་ཟེར་ དབུ་འཛིན་གྱིས་ བཤད་པའི་ཁར་ སློབ་ཕྲུག་ཚུ་གིས་ ཁོང་གི་ཕམ་ཚུ་ ཡ་བྲལ་སོང་བའི་ གནས་སྟངས་ཚུ་བཤད་དེ་ བསླབ་བྱའི་ལས་རིམ་ཚུ་གི་སྐབས་ སྤྱོད་ངན་འབད་མི་དེ་ འཛོལ་སོ་པའི་སྣང་བ་མེད་པར་ ཟུར་ཐབས་འབད་ནི་འདུག་ཟེར་ཨིན་པས།
ད་ལས་ཕར་ སློབ་གྲྭ་ཁག་ཚུ་ནང་ ཡིག་ཐོག་བཀོད་པའི་ སྲིད་བྱུས་ཚུ་ འོང་ནི་དང་ སློབ་ཕྲུག་ཚུ་གི་ བྱ་སྤྱོད་ངན་པ་ཚུ་ སྤྱོད་ལམ་དང་ ཁྲིམས་འགལ་གྱི་ གནས་སྟངས་༢ ལུ་ དབྱེ་སྟེ་ ཁ་གསལ་བཟོ་དགོཔ་ཨིན་པས།
དེ་བཟུམ་སྦེ་ བྱ་ངན་གི་ གནས་སྟངས་དང་འབྲེལ་བའི་ ཉེས་ཁྲིམས་ཚུ་ཡང་ ཁྱིམ་ལཱ་དང་ སྦྱོང་ལཱའི་ལས་འགུལ་བྱིན་ནི་དང་ དོ་དམ་ཐོག་བཞག་ནི་ དེ་ལས་ གནས་སྐབས་ཅིག་ བཏོན་གཏང་ནི་ ཡང་ཅིན་ སློབ་གྲྭ་ནང་ལས་ བཏོན་གཏང་ནི་ཚུ་ སློབ་གྲྭ་ཁག་གིས་ ལག་ལེན་འཐབ་ནི་ཨིན་པས།
བསྒྱུར་བཅོས་གཞན་དེ་ ཆོས་ཚན་ཚུ་གི་གྲས་ཁར་ སྤྱོད་ལམ་གྱི་ དོན་ཚན་ཅིག་ཡང་ བཙུགས་ཡོདཔ་ད་ སློབ་གྲྭ་གོང་མའི་ནང་འགྱོ་ནིའི་དོན་ལུ་ སྤྱོད་ལམ་གྱི་ དོན་ཚན་ནང་ལས་ཡང་ མཐར་འཁྱོལ་དགོཔ་ཨིན་པས།
ཨ་ལུ་ཚུ་གིས་ ཆོས་ཚན་ག་རའི་ནང་ལས་ མཐར་འཁྱོལ་བྱུང་རུང་ སྤྱོད་ལམ་གྱི་དོན་ཚན་ནང་ལས་ མཐར་འཁྱོལ་མ་བྱུང་པ་ཅིན་ སློབ་ཕྲུག་དེ་ མཐར་འཁྱོལ་མ་བྱུངམ་སྦེ་ བཞག་ནི་ཨིནམ་ད་ སློབ་གྲྭ་གོང་མའི་ནང་ འགྱོ་ནིའི་དོན་ལུ་ མཐར་འཁྱོལ་གྱི་ ངོ་སྦྱོར་ལག་ཁྱེར་ མི་ཐོབ་ཟེར་ སློབ་དབུ་འཛིན་གྱིས་བཤད་ཅི།
སློབ་གྲྭ་ཚུ་གིས་འབད་བ་ཅིན་ ད་ཚུན་ ཨ་ལུ་ཚུ་གི་ བྱ་སྤྱོད་དང་འབྲེལ་བའི་ དཀའ་ངལ་ནང་ ཕམ་ཚུ་གིས་ རྒྱབ་སྐྱོར་ལེགས་ཤོམ་མེདཔ་ལས་ དེ་བཟུམ་མའི་ བསྒྱུར་བཅོས་དེ་གིས་ ཕམ་ཚུ་ལུ་ཡང་ དྲན་གསོ་འབད་འོང་ཟེར་ཨིན་པས།
ཤེས་རིག་དྲུང་ཆེན་གྱིས་ སླབ་མིའི་ནང་ ད་ལས་ཕར་ གནས་སྟངས་དེ་ཚུ་ སྒྲིང་སྒྲིང་འབད་ར་ གདོང་ལེན་མ་འབད་བ་ཅིན་ སྤྱོད་ངན་དེ་ཚུ་ བག་ལྷོད་ཐོག་ ལུས་ནི་མས་ཟེར་ཨིནམ་ད་ ལྷན་ཁག་གི་ཁ་ཐུག་ལས་ སློབ་གྲྭ་དང་ སློབ་དཔོན་ཚུ་ལུ་ དབང་ཚད་བྱིན་ཡོདཔ་ད་ སྲིད་བྱུས་དེ་ཚུ་ དྭངས་གསལ་དང་ སྤྱི་སྙོམས་ཐོག་ ལག་ལེན་འཐབ་སྟེ་འབད་བ་ཅིན་ ཕམ་ག་གིས་ཞུ་གཏུགས་འབད་རུང་ ལྷན་ཁག་གིས་ ངོས་ལེན་དང་ རྒྱབ་སྐྱོར་མི་འབད་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ དཀའ་ངལ་ཅན་གྱི་སློབ་ཕྲུག་ཚུ་ སློབ་གྲྭ་གཅིག་ལས་གཅིག་ལུ་ གནས་སོར་གཏང་ནི་དེ་ཡང་ བཀག་ཆ་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ལྷན་ཁག་གིས་ སློབ་ཕྲུག་ཨ་ལུའི་སྤྱོད་ངན་ལུ་ གདོང་ལེན་སྒྲིང་སྒྲིང་འབད་ནི་ཟེར་བའི་སྐབས་ ལུས་ཐོག་གི་ཉེས་ཁྲིམས་དེ་ སླར་ལོག་ལག་ལེན་གྱི་ གནང་བ་བྱིནམ་མེནམ་ལས་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ ལུས་ཐོག་ཉེས་ཁྲིམས་ལག་ལེན་ འགོ་བཙུག་པ་ཅིན་ དེ་ལུ་ཡང་ ལྷན་ཁག་གིས་ ངོས་ལེན་དང་ རྒྱབ་སྐྱོར་མི་འབད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment